རྒྱལ་ཡོངས་ཀྱི་དྲ་ཚིགས་སྨྱན་བྱད་ཀྱིས་མཚོ་སྔོན་པོའི་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་ལ་གཟེངས་བསྟོད་བྱས།
2017.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་ལམ། དྭངས་གཙང་གི་ཆུ་བོ་ཤར་ཕྱོགས་སུ་བཞུར་བ་ཞེས་པའི2017ལོའི་རྒྱལ་ཡོངས་ཀྱི་དྲ་ཚིགས་སྨྱན་བྱད་གཙོ་བོས་མཚོ་སྔོན་གྱི་འཕེལ་རྒྱས་ལ་བལྟ་བའི་བཅར་འདྲིའི་བྱ་འགུལ་ཆེན་པོར་ཞུགས་པའི་དྲ་ཚིགས་སྨྱན་བྱད་ཀྱི་གསར་འགོད་པ་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་སྟེ། མཚོ་སྔོན་པོར་སོང་ནས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་རོལ་མྱོང་བྱས།

ཆར་རྗེས་ཀྱི་མཚོ་སྔོན་པོའི་མཁའ་དབུགས་དྭངས་ཤིང་གཙང་ལ། གནམ་སྔོ་ཡོངས་སུ་ཐང་མེད་ནའང་དྲ་ཚིགས་སྨྱན་བྱད་ཀྱི་གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་པའི་འདུན་པ་འགོག་ཐབས་བྲལ། མཚོ་སྔོན་པོ་ནི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་མིང་གྲགས་ཅན་ཡིན་ལ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་རྒྱལ་སྤྱིའི་བརླན་ས་གཙོ་བོ་ཡིན་པ་དང་། རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཡིན་པས་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད། དེ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་འཛིན་བྱེད་པའི་ཆུ་གཙོ་བོ་ཡིན་ལ། ནུབ་རྒྱུད་ཀྱི་བྱེ་ཐང་ཅན་ཏེ་ཤར་ཕྱོགས་སུ་རྒྱ་བསྐྱེད་པར་བཀག་འགོག་བྱེད་པའི་རང་བྱུང་སྲུང་ཡོལ་ཡང་ཡིན་པས། ཀྲུང་གོའི་ནུབ་བྱང་ཕྱོགས་ཀྱི་ནམ་ཟླར་སྙོམ་སྒྲིག་བྱེད་པ་དང་མཁའ་དབུགས་བརླན་འཛིན་བྱེད་པའི་མཚན་སྙན་ཡོད།

མཐོ་སྒང་གི་ལྷ་མཚོ་ལ་ཁ་གཏད་ནས། ཧྲིན་ཀྲིན་གསར་འགྱུར་དྲ་བའི་ཡུས་ལིས་ཅཱེ་ཡིས་སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། མཚོ་སྔོན་པོ་ནི་རང་བྱུང་ཁམས་ཀྱི་མཚོ་བོད་མཐོ་སྒང་ལ་བསྩལ་བའི་མེ་ལོང་ཆེན་པོ་ལྟ་བུ་རེད། ལྷ་མཚོ་འདི་ལྟ་བུར་ཁ་གཏད་ན། དངོས་ཡོད་ཀྱི་བྱ་བ་སྣ་ཚོགས་བརྗེད་འགྲོ་བའི་སྣང་བ་སྟེར། གྲོང་ཁྱེར་དུ་འཚོ་སྡོད་བྱས་པའི་དུས་ཡུན་རིང་ལ། གྲོང་ཁྱེར་གྱི་ཐོག་ཁང་ཆེན་པོ་དག་མཐོང་བཞིན་ཡོད་པས། གནས་འདིས་མི་རྣམས་ལ་ཡང་བསྐྱར་རང་བྱུང་ཁམས་སུ་ལོག་པའི་ཚོར་བ་སྟེར་སྲིད། མཚོ་ནང་དུ་གསེར་ཉ་ཡོད་པ་དང་། མཚོ་ངོས་སུ་ཁྲུང་ཁྲུང་མགོ་ཁྲ་སོགས་མཐོང་དཀོན་པའི་བྱ་རིགས་མང་པོ་འཕུར་བཞིན་ཡོད་པས། གནས་འདིའི་སྐྱེ་ཁམས་དངོས་གནས་ཡག་པོ་རེད། མཚོ་ཆུ་མུ་མཐའ་བྲལ་ལ་སྔོ་ཞིང་དྭངས་བ་དང་མཚོ་ལ་སྐོར་ལ་ཐེངས་ཤིག་བྱས་ཚེ། རི་མོའི་སྟེང་བགྲོད་པ་དང་གཉིས་སུ་མེད་པས། གནས་འདིའི་སྐྱེ་ཁམས་ལེགས་པོས་མིའི་སེམས་མྱོས་པར་བྱེད་སྲིད་ཟེར།

མཚོ་སྔོན་པོར་མཚོ་བོད་མཐོ་སྒང་གི་གཞི་རྒྱུའི་མཛོད་ཞེས་པའི་མཚན་སྙན་ཡོད་པ་དང་། ངང་དཀར་དང་ཁྲུང་ཁྲུང་མགོ་ཁྲ། ཁྲུང་ཁྲུང་སྐེ་ནག་སོགས་བྱ་རིགས་ཉིས་བརྒྱ་ཉེར་གསུམ་ལྷག་ཡོད་པ་དང་། རྒྱལ་ཡོངས་བྱ་རིགས་ཀྱི་གྲངས་ཀའི་བརྒྱ་ཆའི་བཅུ་བདུན་ཟིན་ཡོད། ལོ་རེར་བྱ་རིགས་འབུམ་གཅིག་ལྷག་ལ་ཉེ་བས་གནས་འདི་རུ་འཚོ་སྡོད་དང་སྐྱེ་འཕེལ་བྱེད་བཞིན་ཡོད། ད་དུང་འཇིག་ཉེན་ཆེ་བའི་རི་དྭགས་དགོ་སོགས་རི་སྐྱེས་སྲོག་ཆགས་མང་པོ་དང་སྐྱེ་དངོས་སྣ་བཞི་བརྒྱ་ཞེ་ལྔ་ཡོད་པས། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཛོད་རེད།

ཀྲུང་གོ་ཅང་ཞི་དྲ་བའི་གསར་འགོད་པ་ཞའོ་ཡུན་གྱིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར། ཉིན་འགའི་སྔོན་ལ། ངས་ཀྲུང་དབྱང་བརྙན་འཕྲིན་བརྒྱུད་ནས«གསེར་ཉ་ཕྱིར་མཚོ་སྔོན་པོ་རུ་ལོག་པའི»གསར་འགྱུར་ཐད་གཏོང་ལེ་ཚན་ལ་བལྟས་པ་དང་། ཐད་གཏོང་བརྙན་རིས་ལས་གསེར་ཉ་ཁྲི་སྟོང་མང་པོ་མཚོ་སྔོན་པོར་ཕྱིར་ལོག་པ་དང་། མཚོ་སྔོན་པོའི་ཁྱད་མཚར་གྱི་རང་བྱུང་བཀོད་པ་དེ་ཕྱོགས་ཡོངས་ནས་མངོན་པར་བྱས། མཚོ་སྔོན་པོའི་མཚོ་ཆུ་དང་ཉ། བྱ་བཅས་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། མི་དང་རང་བྱུང་འཆམ་མཐུན་གྱི་སྐྱེ་ཁམས་ཁོར་ཡུག་གི་རྩེར་སོན་རྣམ་པ་གྲུབ་ཡོད། དེ་རིང་། མཚོ་སྔོན་པོའི་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་མཛེས་ལྗོངས་དངོས་གནས་རོལ་མྱོང་བྱེད་ཐུབ་བྱུང་ལ། མཚོ་སྔོན་གྱི་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་འབད་པའི་གྲུབ་འབྲས་བསམ་ན་སེམས་འགུལ་ཐེབས་པ་ཞིག་རེད་ཟེར།

ལོ་བཅུའི་རིང་ལ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་དང་། བརླན་ས་སྲུང་སྐྱོབ། སླར་གསོའི་འཛུགས་སྐྲུན་ལས་གཞི། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ནུས་པའི་འཛུགས་སྐྲུན་ལས་གཞི། མཚོ་སྔོན་པོའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་སྲུང་སྐྱོབ་ཁ་གསབ་མ་དངུལ་གྱི་ལས་གཞི། བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚོད་ལྟའི་ལས་གཞི། སྐྱེ་དངོས་སྣ་མང་ ཅན་སྲུང་སྐྱོབ་ལས་གཞི་སོགས་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་པ་དང་། སྲུང་སྐྱོབ་སྒྲིག་ཆས་མུ་མཐུད་དུ་ལེགས་བཅོས་དང་སྲུང་སྐྱོབ་ལམ་ལུགས་ཐོག་མར་བཙུགས། དེ་དང་ཆབས་ཅིག ད་དུང་ཀྲུང་གོའི་ཚན་རིག་གླིང་དང་མཉམ་འབྲེལ་བྱས་ཏེ་ཚན་རྩལ་རྟེན་གཞི་བཙུགས་པ་དང་། ཚན་རིག་ཞིབ་འཇུག་མཉམ་ལས་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཚན་རྩལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཕན་ནུས་ཡོད་པའི་ཇེ་མཐོར་བཏང་།

ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་བསྟུད་མར་ལོ་བཅུ་གཉིས་རིང་འཕར་སྣོན་བྱུང་བ་དང་། 2014ལོའི་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་བརྒྱ་དང་དགུ་བཅུ་ནས་འཕར་སྣོན་བྱུང་སྟེ2016ལོར་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་བཞི་བརྒྱ་བཞི་བཅུ་ལྷག་འཕར་སྣོན་བྱུང་ཡོད། འཇིག་ཉེན་ཆེ་བའི་དགོ་ཡི་གྲངས་ཀ་དེ2004ལོའི་ཉིས་བརྒྱ་ང་བདུན་ནས་འཕར་ཏེ2016ལོར་སྟོང་གཅིག་དང་བཞི་བརྒྱ་རུ་སླེབས་ཡོད། མཚོ་སྔོན་པོའི་ཉ་ཡི་ཐོན་ཁུངས་ཏེ2002ལོའི་ཏུན་སྟོང་གཉིས་ལྔ་བརྒྱ་གོ་གཉིས་ནས་འཕར་སྣོན་བྱུང་སྟེ2016ལོར་ཏུན་ཁྲི་བདུན་དང་བརྒྱད་བརྒྱ་རུ་འཕར་ཡོད་པ་དང་། འཕར་ཚད་ལྡབ་ཉེར་བདུན་ལ་སླེབས་ཡོད། མཚོ་སྔོན་པོ་སྤྱིའི་སྐྱེ་ཁམས་ནུས་པ་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།