སྒྱུ་འཕྲུལ་གྱིས་ཕྱུག་པའི་མཚོ་སྔོན་པོ།
2017.09.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 74

དཔྱིད་ཀར་བྱ་བརྒྱའི་སྐད་སྙན་སྒྲོག་པའི་བྱ་གླིང་དང་། དབྱར་ཁར་གཟི་མདངས་རྒྱས་པའི་གླང་ཆེན་མཆེ་བ་རུ། སྟོན་ཁའི་ལྷིང་འཇགས་ཀྱི་བྱེ་གླིང་། དགུན་ཁའི་ཁ་བས་ཡོངས་སུ་གཡོགས་པའི་མཚོ་ངོས་གང་ཡིན་ཡང་། མཚོ་སྔོན་པོའི་མི་སེམས་འགུལ་བའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་མིས་བཟོས་ཡུལ་ལྗོངས་སོགས་ནི་མེ་ཏོག་དང་རྩྭ་ཐང་གིས་རང་བྱུང་ཁམས་ཆེན་མོའི་པང་དུ་མཁའ་དབུགས་མཉམ་དུ་འབྱིན་པ་ནང་བཞིན། ལྷིང་འཇགས་ཁྲོད་དུ་ངོ་མཚར་བའི་ཚེ་སྲོག་སྟོབས་ཀྱིས་ཁེངས་འདུག

མཚོ་སྔོན་པོ་ནི་རྒྱ་མཚོ་ལྟ་བུ་ཞིག་ཡིན་པ་དང་། མུ་མཐའ་བྲལ་བའི་མཚོ་སྔོན་པོ་ནི་མཐོ་འཁྱག་ས་ཁུལ་དུ་མཐོང་དཀོན་པའི་མཚོ་མོ་ཞིག་ཡིན་ལ། རྒྱང་རིང་ནས་བལྟས་ན་རྒྱ་མཚོ་ལྟར་དུ་རླབས་རྒྱུན་སྔོན་པོ་འཕྱོ་ཞིང་རྒྱ་མཚོ་ལྟར་དུ་གཏིང་ཟབ་པའི་ཉམས་ཤིག་མངོན་འདུག དྭངས་གཙང་གི་མཚོ་ཆུ་དང་གཡའ་དག་པའི་ནམ་མཁའ་གཅིག་ལ་གཅིག་བརྟེན་དུ་གནས་ཏེ། ཁ་དོག་སྔོན་མོའི་དྭངས་མ་ཆགས་པར་བྱས་ཡོད་པར་མ་ཟད། གནམ་བརྡ་དང་དྲོད་གྲངས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཁ་དོག་མི་འདྲ་བ་མངོན་བཞིན་འདུག

མཚོ་སྔོན་པོ་ནི་ཁྱད་མཚར་བའི་མཚོ་ཞིག་རེད། ཁྱད་མཚར་བའི་མཚོ་ཁོངས་དེ་ལས་དུས་ངེས་མེད་དུ་ཚེ་སྲོག་གི་སྲ་བརྟན་དང་མཛེས་སྡུག ལ་རྒྱ། རྔམ་བརྗིད་བཅས་མངོན་པར་བྱས་ཡོད། ཡུལ་དེའི་དགུན་རིང་ཞིང་དབྱར་ཐུང་། མཚོ་སྔོན་པོའི་ངོས་སུ་ལོ་རེའི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ནས་བཟུང་ཆབ་རོམ་ཆགས་པ་དང་། ཕྱི་ལོའི་ཟླ་གསུམ་པར་ད་གཟོད་ཆབ་རོམ་ཞུ་འགྲོ་བ་རེད།

དེ་འདྲ་ཡིན་ཡང་མཚོ་སྔོན་པོའི་འབབ་བརྒྱུད་ཀྱི་ཚེ་སྲོག་ལ་ཉམས་པ་མེད་ཅིང་། མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་སྒོ་ནས་འཚོ་སྡོད་དང་འཕེལ་རྒྱས་སུ་འགྲོ་བཞིན་འདུག

མཚོ་སྔོན་པོ་ནི་སྐྱེ་ཁམས་ཀྱི་མཚོ་ཞིག་ཡིན། མཚོ་སྔོན་པོ་ནི་ནུབ་ཕྱོགས་ཀྱི་བྱེ་འགྱུར་འཕེལ་རིམ་ལ་སྔོན་འགོག་བྱེད་པ་དང་། ལྷོ་ནུབ་ཀྱི་དྲག་རླུང་དང་འཁྱག་གྲང་གི་མཁའ་དབུགས་འགོག་བཞིན་ཡོད་ལ། སྐྱེ་དངོས་སྣ་མང་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གསོ་སྤེལ་བྱེད་པའི་བརླན་ས་གལ་ཆེན་ཞིག་ཡིན། དུས་ཡུན་རིང་བོའི་ཚུན་ལ། མཚོ་སྔོན་པོས་རང་བྱུང་ཁོར་ཡུག་ཁྲོད་ཐོན་པའི་ཁ་གསབ་ཀྱི་ནུས་པ་ཆེན་པོ་དེས་ས་ཁུལ་དེའི་འཁྱག་གྲང་དང་ཐན་པ་ཞི་འཇགས་སུ་བཏང་སྟེ། མཚོ་སྔོན་པོའི་འབབ་བརྒྱུད་དེ་ཕྱུགས་ར་དང་མིའི་རིགས་ཀྱི་འཚོ་སྡོད་བྱེད་ས་ཡིད་དུ་འོངས་པ་ཞིག་ཏུ་གྱུར་བ་རེད། དེ་མི་ཚད་མཚོ་བོད་མཐོ་སྒང་བྱང་ཤར་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་མཚོ་མོ་གལ་ཆེན་ཞིག་དང་། མཐོ་སྒང་གི་འཁྱག་གྲང་དང་ཐན་པའི་ས་ཁུལ་གྱི་ཆུ་ཁུངས་གཙོ་བོ་ཞིག་ཀྱང་ཡིན། དེ་ནི་མཚོ་བསྐོར་ས་ཁུལ་གྱི་ནམ་ཟླའི་སྙོམས་སྒྲིག་འཕྲུལ་ཆས་ལྟ་བུ་དང་། མཚོ་སྔོན་པོའི་གསེར་ཉ་འཚོ་སྡོད་བྱེད་སའི་ཆུ་ཁུངས་ཤིག་ཡིན་པར་མ་ཟད། རི་སྐྱེས་སྲོག་ཆགས་རྩ་ཆེན་དགོ་དམར་འཚོ་སྡོད་བྱེད་ས་ཞིག་ཡིན།

མཚོ་སྔོན་པོ་ནི་འཆར་ཡན་གྱི་མཚོ་མོ་ཞིག་ཡིན། མཚོ་སྔོན་པོ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་དང་། ངང་དཀར་དང་ཁྲུང་ཁྲུང་སྐེ་ནག ཁྲུང་ཁྲུང་མགོ་ཁྲ་སོགས་གནས་སྤོར་བྱ་རིགས་མང་པོ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་འཚོ་སྡོད་བྱེད་བཞིན་ཡོད། གནས་དེ་ནི་རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་བསྐྱོད་སའི་གནས་དང་ཚངས་དབྱངས་རྒྱ་མཚོའི་བརྩེ་དུང་གི་སྙན་ངག་འབྲི་ས་ཡིན་པས། མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་རྒྱུད་དུ། ལོ་རྒྱུས་ཀྱི་གཏམ་རྒྱུད་མང་པོ་བཞག་ཡོད། མཚོ་སྔོན་པོ་དང་བོད་རིགས་བུ་མོའི་འཛུམ་མདངས། ཕྱུགས་རྫིས་གླུ་སྐད། འཁྱག་གྲང་ཁྲོད་ན་གར་དུ་རྩེན་པའི་ཁྲུང་ཁྲུང་སོགས་མཐོང་ན་མི་རྣམས་ཀྱི་སེམས་སུ་བརྗོད་མི་ཤེས་པའི་བདེ་སྐྱིད་ཀྱི་ཚོར་བ་ཞིག་སྟེར་སྲིད།

མཚོ་སྔོན་པོ་ནི་ལོ་རྒྱུས་ལྡན་པའི་མཚོ་མོ་ཞིག་རེད། མཐོ་འཁྱག་ས་ཁུལ་དུ་མཐོང་དཀོན་པའི་མཚོ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་པོ་ནི་དོན་དངོས་སུ་མི་རིགས་ཤིག་གི་ངོ་མཚར་བའི་མཚོན་བྱེད་ཅིག་ཡིན་ལ། ཁྱད་དུ་འཕགས་པའི་རིག་གནས་ཀྱི་དོན་སྙིང་ཆེན་པོ་ལྡན། མཚོ་སྔོན་པོར་ཧན་རྒྱལ་རབས་ནས་བརྒྱུད་ཡོང་བའི་མཚོ་མཆོད་བྱ་འགུལ་དང་གནའ་མཁར་རྗེས་ཤུལ། ཆོས་ལུགས་ཀྱི་དགོན་སྡེ། བོད་ཀྱི་ཞབས་བྲོ་དང་དར་ལྕོག ལབ་ཙེ་དེ་མིན་ད་དུང་རྒྱ་བཟའ་ཀོང་ཇོ་དང་ཐང་རྒྱལ་རབས་ཀྱི་ཕོ་ཉ་ངོ་མཚར་བའི་གཏམ་རྒྱུད་ཡོད་པའི་ཉི་ཟླ་རི་བོ་དང་རིག་སྨོན་གཞུང་ཆུ། ཐུའུ་ཡུས་ཧོན་རྒྱལ་བོའི་གནའ་ཤུལ་སོགས་ལས་མིའི་རིགས་ཀྱི་རྩེར་སོན་གྱི་བློ་གྲོས་མངོན་ཡོད།

མཚོ་སྔོན་པོ་ནི་སེམས་འདུན་འཕུར་སའི་མཚོ་མོ་ཞིག་ཡིན། གལ་ཏེ་མཚོ་ནི་ས་གཞི་ཡི་མིག་ཆུ་ཡིན་ན། མཚོ་སྔོན་པོ་ནི་དྲིན་གཟོ་དང་བརྩེ་དུང་གི་ཐིགས་པ་དེ་ཡིན། མཚོ་སྔོན་པོའི་མཛེས་ལྗོངས་དང་ཡུན་རིང་བོའི་ལོ་རྒྱུས། རྔམ་མཐུག་པའི་དམངས་སྲོལ་རིག་གནས་སོགས་ནི་རྩྭ་ཐང་སྟེང་གི་སྙན་འཇེབ་ཀྱི་གླུ་དབྱངས་དང་འདྲ་བར། མི་ཀུན་ལ་ཡིད་འགུལ་ཐེབས་བཞིན་ཡོད། མཚོ་སྔོན་པོའི་མཚོ་ངོས་ཡངས་ཤིང་རྒྱ་ཆེ་ལ། མཚོ་ཆུ་དྭངས་ཤིང་གསལ། ནམ་མཁའི་སྤྲིན་པར་འགྱུར་ལྡོག་ཆེ། མཚོ་བོད་མཐོ་སྒང་གི་ཁྱད་འཕགས་ས་ཁོངས་དང་རིག་གནས་རྒྱབ་ལྗོངས་བཅས་ལས་མཚོ་སྔོན་པོ་ནི་བརྩེ་བའི་ཕྱུག་ཤིང་། གནས་སྐོར་པ་དག་ལ་སྤྲོ་བ་སྦྱིན་པའི་གནས་ཁྱད་པར་བ་ཞིག་ཡིན་ལ། མི་མང་པོར་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་བཞག་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།