“མཚོ་སྔོན་པོའི་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱ་ཆེད། ང་ཚོས་བསྡོམས་པས་ཏང་ཡོན་ལས་བྱེད་བརྒྱ་དང་ང་བཞི་སྐོང་འཐེན་བྱས་ཏེ། མཚོ་སྐོར་ནུབ་ལམ་དང་། རྒྱལ་ལམ315འགྲམ་རྒྱུད་དུ་གནས་སྐབས་སུ་ཕུབ་པའི་རས་གུར་མགྲོན་ཁང་དང་བསྲེགས་ཟས་ཟ་ས་སོགས་སུ་ཁོར་ཡུག་ལེགས་བཅོས་བྱ་བ་སྤེལ་བ་དང་། མིག་སྔར་བསྡོམས་པས་ཁྱོན་རྒྱས་ཞང་གི་གནས་སྐབས་སུ་ཕུབ་པའི་རས་གུས་མགྲོན་ཁང་གི་ཚོང་ལས་གཉེར་བའི་ཁྱིམ་ཚང་སོ་དགུ་ཡི་རས་གུར་སྟོང་གཉིས་དྲུག་བརྒྱ་གྱ་བཞི་མེད་པར་བཟོས”ཞེས་མཚོ་སྐོར་ནུབ་ལམ་དུ་བགྲོད་བཞིན་པའི་རྐང་ཚ་རྫོང་ཁྱོན་རྒྱས་ཞང་གི་ལས་བྱེད་མི་སྣ་སུའུ་ཞན་ལུང་གིས་དེ་ལྟར་བཤད།
ཟླ་བརྒྱད་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ནམ་ཟླ་ཅུང་འཁྱག མཚོ་སྐོར་ནུབ་ལམ་དུ་སོང་ཚེ། ནམ་མཁའ་སྔོ་ཞིང་ནོར་ལུག་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་ཐང་དུ་རྒྱུ་བཞིན་ཡོད་ལ། མུ་མཐའ་བྲལ་བའི་རྩྭ་ཐང་དང་སྔོ་ཞིང་དྭངས་བའི་མཚེའུ་བཅས་ཀྱིས་མཛེས་ཤིང་ལྟ་ན་སྡུག་པའི་རི་མོ་ཞིག་གྲུབ་ཡོད། དེ་སྔོན་རྩྭ་ཐང་འགྲམ་གྱི་རས་གུར་མགྲོན་ཁང་དང་གནས་སྐོར་བ་དག་གིས་ལམ་འགྲམ་དུ་གང་འདོད་སྒོས་རས་གུར་ཕུབ་པ་དང་། གང་འདོད་དུ་བསྲེགས་ཟས་སོགས་བཟའ་བཏུང་ལ་རོལ་བཞིན་པའི་ཁོར་ཡུག་བཙོག་བཟོའི་རྣམ་པ་དེ་དག་མཐོང་རྒྱུ་མེད་པར་གྱུར་ཡོད།
“ཉིན་འདི་འགར་ང་ཚོས་རས་གུར་སུམ་ཅུ་མེད་པར་བཟོས།”དོན་འགྲུབ་དང་ཁོའི་ཆུང་མས་རང་ཁྱིམ་གྱི་རྩྭ་སའི་སྟེང་དུ་གད་སྙིགས་འཐུ་བཞིན་ཡོད། དོན་འགྲུབ་ནི་ཁྱོན་རྒྱས་ཞང་ཉ་ནག་སོ་མ་སྡེ་བའི་འབྲོག་པ་ཞིག་ཡིན་ལ། ཁོའི་རྩྭ་ས་ནི་མཚོ་སྐོར་ནུབ་ལམ་གྱི་འགྲམ་དུ་ཡོད་པ་དང་། ཁོས་རང་ཉིད་ཀྱི་རྩྭ་ས་ཕྱེད་ཀ་མི་གཞན་ལ་གླས་ནས་རས་གུར་མགྲོན་ཁང་གི་ཚོང་ལས་གཉེར་བཞིན་ཡོད་ལ། རྩྭ་ས་ཕྱེད་ཀ་རང་གིས་བདག་གཉེར་བྱེད་བཞིན་ཡོད།
“ངས་རང་ཉིད་ཀྱི་རྩྭ་ས་གཞན་ལ་གླས་ཏེ་ཚོང་གཉེར་བྱེད་དུ་བཅུག་པས། དཔལ་འབྱོར་གྱི་ཡོང་སྒོ་ཇེ་མང་དུ་གྱུར་ཡོད། དང་ཐོག་བརྡ་སྦྱོར་བཏང་ནས་རས་གུར་བཤིག་དགོས་པ་ཤེས་སྐབས། སེམས་སུ་མི་འདོད་པའི་སྣང་ཚུལ་ཅུང་ཡོད”ཞེས་དོན་འགྲུབ་ཅུང་ངོ་ཚ་བའི་སྒོ་ནས་དེ་ལྟར་བཤད།
ཁྱོན་རྒྱས་ཞང་གི་ཏང་ཡོན་ལས་བྱེད་པའི་སེམས་ཞིབ་མོས་འགྲེལ་བཤད་བྱས་ཏེ། དོན་འགྲུབ་ལ་ཚོང་ལས་གཉེར་སྐབས་ཀྱི་བཙོག་ཆུ་དང་གད་སྙིགས་ཀྱིས་རྩྭ་སའི་སྐྱེ་ཁམས་ལ་གཏོར་བརླག་གཏོང་སྲིད། འབྲོག་པའི་འཐུང་ཆུ་ནི་དོང་ཆུའི་ནང་བསག་པ་ཡིན་པས། བཙོག་ཆུ་དག་ས་འོག་ཏུ་འཐིམ་ན། འཐུང་ཆུ་ལ་ཡང་ཤུགས་རྐྱེན་བཟོ་སྲིད་ཞེས་སློབ་གསོ་བཏང་།
དོན་འགྲུབ་ཀྱིས་བཤད་རྒྱུར། དེ་སྔོན་ངས་ཚོང་གཉེར་བྱ་འགུལ་སྤེལ་ན་ཁོར་ཡུག་བཙོག་བཟོ་བྱེད་པ་སེམས་སུ་ཡང་ཤར་མ་མྱོང་། སྡེ་བའི་ལས་བྱེད་པའི་བཤད་པ་དངོས་གནས་བདེན། ང་ཚོའི་མིག་མདུན་གྱི་ཁེ་ཕན་ཁོ་ན་བསམ་མི་རུང་ལ། བུ་རབས་ཚ་རྒྱུད་ལ་ཡང་བསམ་བློ་གཏོང་དགོས། རས་གུར་ཚང་མ་བཤིག་རྗེས། མིག་མདུན་ཧ་ཅང་ཡངས་བར་གྱུར་ལ། རྩྭ་སྔོ་ལྗང་དུ་གྱུར་བ་དང་། སེམས་ཡང་སྐྱིད་པོ་ཞིག་རེད་ཞེས་བཤད།
གསར་འགོད་པ་མཚོ་སྐོར་ནུབ་ལམ་འགྲམ་རྒྱུད་ཀྱི་གནས་སྐོར་སྤྲོ་སྐྱིད་སྡེ་བ་ཞིག་ཏུ་ཐོན་པ་དང་། རས་གུར་དང་བསྲེགས་ཟས་ཟ་ས་མཐོང་རྒྱུ་མེད་པར་གྱུར་ཡོད་ལ། འགན་ཁུར་མི་སྣ་ལིས་ཐིན་ཀྲུའུ་ཡིས་བཤད་རྒྱུར། དག་ཐེར་ལེགས་བཅོས་ཀྱི་བརྡ་སྦྱོར་ཐོན་རྗེས། ང་ཚོའི་རས་གུར་མགྲོན་ཁང་དང་བསྲེགས་ཟས་ཟ་ས་མྱུར་དུ་ལས་མཚམས་འཇོག་ཏུ་བཅུག་པ་དང་། ང་ཡང་དངོས་སུ་བྱ་བའི་དེའི་ཁྲོད་ཞུགས་པ་དང་། ད་ལྟ་རས་གུར་བཞི་བཅུ་དང་བསྲེགས་ཟས་ཟ་ས་གཉིས་མེད་པར་བཟོས་ཞེས་བཤད།
རས་གུར་བཤིག་སའི་གནས་སུ་རས་གུར་ཕུབ་བྱེད་ཀྱི་ལྕགས་སྒྲོམ་མང་པོ་ཡོད་ལ། ཉིན་འདི་འགར་ལིས་ཐིན་ཀྲུའུ་ཡིས་ལྕགས་སྒྲོམ་དེ་དག་རྩྭ་ཐང་ནས་ཕྱིར་འདྲུད་པར་བྲེལ་བཞིན་ཡོད། ས་སྣོན་དགོས་སར་ས་སྣོན་པ་དང་། རྩྭ་འདེབས་དགོས་སར་དུས་ཐོག་ཏུ་རྩྭ་བཏབ་ནས། གཏོར་བརླག་བཏང་བའི་རྩི་ཤིང་སླར་གསོ་བྱེད་དགོས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མང་ཚོགས་ཀྱིས་ཡར་ཞུ་བྱས་ཏེ་གཏུག་བཤེར་བྱས་པའི་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་བསྲེགས་ཟས་སོགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པའི་གནད་དོན་ཐད། རྐང་ཚ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་སེམས་ཞིབ་མོས་བཀོད་སྒྲིག་བྱས་རྗེས། མཚོ་སྐོར་འགྲམ་རྒྱུད་ཀྱི་གནས་སྐབས་སུ་ཕུབ་པའི་རས་གུར་མགྲོན་ཁང་ལ་ཕྱོགས་ཡོངས་ནས་གཙང་སེལ་བྱས། མིག་སྔའི་བར། ཁྱོན་རྒྱས་ཞང་གིས་བསྡོམས་པས་རས་གུར་མགྲོན་ཁང་ཚོང་གཉེར་བྱེད་པའི་ཁྱིམ་ཚང་སོ་དགུ་ཡི་རས་གུར་སྟོང་གཉིས་དང་དྲུག་བརྒྱ་གྱ་བཞི་མེད་པར་བཟོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།