མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཉ་རིགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་མི་རེ་རེའི་འོས་འགན་ཡིན།
2017.09.12 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 17

ཉེ་ལམ་མཁའ་དབུགས་སྐམ་པ་དང་ཆར་ཆུ་ཉུང་བས་རྐྱེན་གྱིས། གསེར་ཉ་ལ་མཚོན་ན་ཕྲུ་གུ་སྐྱེ་འཕེལ་གྱི་ཆུ་ལམ་པུ་ཧ་ཆུ་སླར་ཡང་བཞུར་འཚམས་ཆད། དེ་བས་ག་ས་གང་དུ་གནོད་འཚེ་བསྐྱལ་ཡོད་པ་དང་། གསེར་ཉ་ཁྲི་སྟོང་མང་བོར་ཚེ་སྲོག་གི་ཉེན་ཁའི་གནས་སུ་བསྐྱལ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་བྱ་གླིང་ཁུངས་གཏོགས་ཅུའུ། རང་བྱུང་སྲུང་སྐྱོབ་ཅུའུ་དང་མཚོ་སྔོན་པོའི་ལྗོངས་རྒྱུ་ལྟ་སྐོར་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སི། མྱུར་བསྐྱོད་ལས་བྱེད་མི་སྣ་དང་ས་གནས་ཀྱི་འབྲོག་པ་མང་ཚོགས་དག་གིས་གནོད་འཚེ་ཐེབས་པའི་གསེར་ཉ་ལ་མཉམ་དུ་རོགས་སྐྱོབ་བྱས།

གསེར་ཉ་དཀའ་ཁག་ལ་འཕྲད་པའི་གནས་ཚུལ་འབྱོར་རྗེས། རོགས་སྐྱོབ་བྱེད་མཁན་ཁྲོད་ཞུགས་པའི་ལས་བྱེད་པ་དང་ས་གནས་ཀྱི་མང་ཚོགས་སོགས་ལ་གསེར་ཉ་སྲུང་སྐྱོབ་ཀྱི་ཆེད་དམིགས་ཡོ་བྱད་མེད་པའི་གནས་ཚུལ་འོག་ནས། ཚང་མས་རླངས་འཁོར་གྱི་འཁོར་སྒམ་ནང་དུ་འགྱིག་ཤོག་བཏང་བ་དང་། གནས་སྐབས་ཀྱི་ཆུ་རྫིང་ཞིག་བཟོས་ནས་ཁ་ལག་བཀྲུ་བྱེད་ཀྱི་སྣོད་སྤྱད་ནས་ཆུ་བསྐྱིལ་བ་དང་། གསེར་ཉ་དག་ཆུ་རྫིང་དེར་བསྐྱལ་བ་དང་། དུས་ཚོད་བརྒྱད་ལྷག་བཀོལ་ནས་གསེར་ཉ་ཁྲི་སྟོང་མང་བོ་མྱུར་སྐྱོབས་བྱེད་ཐུབ་པ་བྱུང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ལས་བྱེད་པས་གསེར་ཉ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་མི་རེ་རེའི་འོས་འགན་དང་འགན་འཁྲི་ཡིན།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཉ་རིགས་དོ་དམ་སྤྱིའི་ས་ཚིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་ཁུལ་དང་རྫོང་རིམ་པའི་སྲིད་གཞུང་དང་ཉ་རིགས་དོ་དམ་སྡེ་ཁག་གིས་འབད་བརྩོན་འོག མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་2016ལོའི་བར་ཏུན་ཁྲི་དྲུག་ལ་སླར་གསོ་བྱས་པ་དང་། དེ2015ལོའི་ལོ་སྟོད་དང་བསྡུར་ན་ཏུན་སྟོང་དགུ་དང་ལྔ་བརྒྱ་ཇེ་མང་དུ་སོང་བ་དང་། འཕར་སྣོན་འབྱུང་ཚད་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བརྒྱད་ལ་སླེབས། 2016ལོར། མཚོ་སྔོན་ཞིང་ཆེན་གྱིས་གསོ་སྤེལ་ཚོད་ལྟ་ས་ཚིགས་གསར་དུ་ལས་པ་དང་རྒྱ་བསྐྱེད་པ། གསེར་ཉ་ཕྱིར་རྐྱལ་བའི་ཆུ་རྐ་ཁ་སྣོན་བྱེད་པ། དྲིལ་སྒྲོག་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ་བརྒྱུད་དེ། ལྐོག་ནས་ཉ་འཛིན་པ་དང་། གསེར་ཉ་འཚོང་བ་སོགས་ཀྱི་བྱ་སྤྱོད་ཐད་ཀྱི་ཁྲིམས་སྐྱོང་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གསེར་ཉར་སྲུང་སྐྱོབ་སྔར་ལས་བཟང་བོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2015ལོར་ཞིང་ཆེན་ཉ་རིགས་དོ་དམ་སྤྱིའི་ས་ཚིགས་ཀྱིས་བསྡོམས་པས་གསེར་ཉ་དང་འབྲེལ་བའི་གྱོད་གཞི་སོ་བདུན་ཐག་གཅོད་བྱས་པ་དང་། དེའི་ཁྲོད། ཉེས་དོན་གྱོད་གཞི་བཅུ་དང་སྲིད་འཛིན་གྱོད་གཞི་ཉི་ཤུ། བདེ་སྐྱོང་གྱོད་གཞི་བདུན་ཡོད། ཉ་རིགས་དོ་དམ་སྡེ་ཁག་གིས་མཚོ་ཁ་ནས་འཛིན་བཟུང་བྱེད་པ་དང་། ལམ་ནང་ནས་འགོག་པ། ཚོང་ར་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། མཚོ་སྔོན་པོ་ས་ཁུལ་གྱི་ཁུལ་ཁོངས་གཙོ་བོ་དང་སྡེ་བ་གཙོ་བོ། ཚོང་ར་གཙོ་བོ་བཅས་སུ་སོང་ནས་གནས་སྲུང་སྐོར་ཞིབ་བྱས་པ་དང་། ས་དེའི་མང་ཚོགས་ལ་འཚམས་འདྲི་བྱེད་པ་སོགས་བརྒྱུད་དེ་འབྲེལ་ཡོད་ཆ་འཕྲིན་དང་ཁུངས་སྣེ་འཚོལ་བ་མ་ཟད། ཞིང་ཆེན་དང་ཁུལ། རྫོང་ཉ་རིགས་དོ་དམ་གཞི་གཅིག་ཅན་གྱི་མཉམ་འབྲེལ་ཁྲིམས་སྐྱོང་རྐྱེན་སྲོལ་བཙུགས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་བའི་ལྟ་སྐུལ་དོ་དམ་དྲ་རྒྱ་བཙུགས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཁྲིམས་འགལ་ཉ་འཛིན་དང་གསེར་ཉ་སྐྱེལ་འདྲེན། ལས་སྣོན་དང་ཉོ་ཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་བྱས།

2016ལོར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་མཚོ་སྔོན་པོའི་གསེར་ཉའི་བུ་ཧ་ཆུ་བོ་དང་རྟ་ནག་མའི་གསོ་སྤེལ་ཚོད་ལྟ་ས་ཚིགས་འཛུགས་པའི་འཆར་གཞི་བཀོད་པ་དང་། གསོ་སྤེལ་ཚོད་ལྟ་ས་ཚིགས་བཙུགས་རྗེས། ལོ་རེར་གསེར་ཉ་བྱེ་བ་གཅིག་ས་ཡ་ལྔ་ལྷག་གསོ་སྤེལ་བྱེད་ཐུབ་པ་དང་། དེར་མ་ཟད་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལྟེ་གནས་སུ་མཚོ་སྔོན་པོའི་གསེར་ཉ་འཁོར་རྒྱུག་ཆུའི་བཟོ་གྲྭའི་ཉ་ཕྲུག་སྐྱེད་བསྲིང་བྱེད་ས་བཙུགས་ནས། ལོ་རེའི་གསེར་ཉ་གསོ་སྤེལ་བྱེད་ཚད་བྱེ་བ་གཅིག་ཏུ་འཕར་སྣོན་འབྱུང་བར་བྱས།

དེ་དང་མཉམ་དུ། ད་དུང་འོམ་ཆུ་དང་ཁྱོན་རྗེ་ཆུ་བོ་སོགས་འབབ་རྒྱུན་གྱི་མིས་བཟོས་ཆུ་རྐ་དང་ཆུ་རགས་སོགས་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། གསེར་ཉ་ཕྱིར་རྐྱལ་བའི་ཆུ་རྐ་གསར་སྣོན་བྱེད་པར་བརྟེན་ནས། གསེར་ཉ་བདེ་བླག་ངང་ཕྱིར་རྐྱལ་བར་ཁག་ཐེག་བྱས།

ལོ་ཙཱ་བ། སྐར་མ་འཚོ།