མཚོ་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་སྟོབས་ཤུགས་ཕུད་དེ་མཚོ་སྔོན་པོའི་མཐའ་བསྐོར་གྱི་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱས།
2017.09.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ལོ་རེའི་ཟླ་བརྒྱད་པ་ནི་མཚོ་སྔོན་པོའི་གནས་སྐོར་གྱི་དུས་ཚིགས་བཟང་པོ་རེད། དུས་ཚིགས་འདིར་འགྲིམ་འགྲུལ་གྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་ཐད་གཏོགས་རུ་ཆེན་གྱིས“ མི་འབྱུང་བ་གསུམ”དམིགས་འབེན་དུ་བརྩིས་ནས། ལོ་སྔོན་མ་དག་གི་གནས་སྐོར་བ་མང་པོའི་དུས་ཚིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་གནས་བབ་ཀྱི་རྨང་གཞིའི་སྟེང་། གཞུང་ལམ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་བྱེད་ཐབས་གསར་བ་ལག་བསྟར་བྱས་ཏེ། གནས་སྐོར་པ་མང་པོའི་དུས་ཚིགས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བྱས།

མཚོ་ལྷོ་ཁུལ་འགྲིམ་འགྲུམ་ཉེན་རྟོག་རུ་ཁག་གིས་གཞུང་ལམ་གྱི་ཉེན་རྟོག་དོ་དམ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། རིག་སྨོན་གྲོང་རྡལ་གྱི་ལམ་གླ་ལེན་སའི་དངོས་བསྐྱེལ་རླངས་འཁོར་བསྐྱོད་ས་གཙོར་བཟུང་ནས། གནས་གཏན་འཁེལ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱས། འགྲིམ་འགྲུལ་བསྐྱེལ་འདྲེན་སྡེ་ཁག་དང་མཉམ་འབྲེལ་སྒོས་རླངས་འཁོར་གྱི་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་དང་མི་མཐུན་པར་བཟོ་བཅོས་བྱས་པའི་རླངས་འཁོར་གྱིས་བསྐྱེལ་འདྲེན་ལས་ཀ་གཉེར་མི་ཆོག་པ་བྱས། འགྲིམ་འགྲུལ་གྱི་ཁྲིམས་འགལ་གནད་དོན་ཚབས་ཆེན་ཐག་གཅོད་མ་བྱས་པའི་ཁ་ལོ་བར་དུས་ཐོག་ཏུ་ཐག་གཅོད་བྱས། བཀོལ་སྤྱོད་དུས་ཡུན་ལོངས་བའི་རླངས་འཁོར་ལ་ཐག་གཅོད་བྱས་པའི་དུས་མཚུངས་སུ། ལམ་ཐིག་དང་ལམ་དུམ་གཙོ་བོའི་སྐོར་ཞིབ་ལ་ཤུགས་སྣོན་དང་། ཁྱད་པར་དུ་ལྗོངས་ཁུལ་དུ་བསྐྱོད་པའི་གནས་སྐོར་ལམ་ཐིག་གི་སྐོར་ཞིབ་ཇེ་དྲག་ཏུ་བཏང་། རླངས་འཁོར་སྣ་ཚོགས་ལྗོངས་ཁུལ་མཐའ་བསྐོར་གྱི་ལམ་འགྲམ་དུ་འདུག་པ་དང་། གནས་སྐོར་པ་རྣམས་ལོག་དཀར་གྱི་ཞིང་ནང་དུ་སོང་ནས་པར་ལེན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས། ཁ་ལོ་བའི་འཛིན་ཡིག་དང་རླངས་འཁོར་གྱི་དུས་བཅད་ཞིབ་བཤེར་གནས་ཚུལ། རླངས་འཁོར་གྱི་བདེ་འཇགས་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས། རིག་སྨོན་གྲོང་རྡལ་གྱི་ལམ་གླ་ལེན་ས་བརྒྱུད་ནས་ཡར་མར་ལ་འགྲོ་བའི་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར། ཉེན་ཁ་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར། ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་དང་མགྱོགས་ཚད་ལས་བརྒལ་བ། རླངས་འཁོར་གྱི་གཏན་འཁེལ་མི་གྲངས་ལས་བརྒལ་བ། ཁ་ལོ་བའི་འཛིན་ཡིག་མེད་པར་ཉེན་ཁ་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་བྱེད་པ་སོགས་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ནན་མོ་བྱས། འགྲིམ་འགྲུལ་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ། འགྲིམ་འགྲུལ་ཁྲིམས་འགལ་དང་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བའི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་བཅོས་སྐྱོང་བྱེད་པར་ཤུགས་བསྣན་པ་དང་། བབ་བསྟུན་གྱིས་གཅིག་གྱུར་བྱ་སྤྱོད་སྤེལ་ཏེ། རླངས་འཁོར་གྱི་གཏན་འཁེལ་མི་གྲངས་ལས་བརྒལ་བ་དང་དང་མྱུར་ཚད་ལས་བརྒལ་བ། ཤོང་ཚད་ལས་བརྒལ་བ་སོགས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་སློང་བའི་ཁྲིམས་འགལ་བྱ་སྤྱོད་ལ་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱས་པ་དང་། རྦད་ཆོད་སྒོས་གནད་དོན་གཅིག་རྩད་ཆོད་ཚེ་སློབ་གསོ་ཐེངས་ཤིག་གཏོང་བ་དང་ཆད་པ་ཐེངས་གཅིག་གཅོད་པ་ལག་བསྟར་བྱས། རོང་འབྲོག་ཁུལ་གྱི“ས་ཚིགས་གཉིས་ལ་མི་སྣ་གཉིས”ཀྱི་མཐུན་སྦྱོར་དོ་དམ་དང་རམ་འདེགས་གྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས། སྡེ་བའི་ལམ་ཁ་དང་གྲོང་རྡལ་གྱི་ལམ་ཁ་སོགས་ལམ་རྒྱུད་གཙོ་བོ་ནས། མི་འདྲུད་པའི་རླངས་འཁོར་ཆུང་བ་དང་། ཆང་འཐུང་ནས་རླངས་འཁོར་བསྐོར་བ། འདྲུད་འཐེན་འཕྲུལ་འཁོར་གྱིས་ཁྲིམས་དང་འགལ་ནས་མི་འདྲུད་པ། འཕྲུལ་རྟ་ཞོན་སྐབས་བདེ་འཇགས་ཞྭ་མོ་མི་གྱོན་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་སློབ་གསོ་ནན་མོ་བཏང་བ་དང་། རོང་འབྲོག་ཁུལ་གྱི་ཁྲིམས་འགལ་རླངས་འཁོར་སྡེ་བ་དང་གྲོང་རྡལ་ནས་ཕྱིར་བསྐྱོད་པ་གཏན་འགོག་བྱས། དམིགས་སའི་རང་བཞིན་ དང་སློབ་གསོའི་ཕན་ནུས་ཆེན་པོ་ལྡན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། རྒྱུན་ཆད་མེད་པར་ཁ་ལོ་བའི་ཁྲིམས་ལྟར་རླངས་འཁོར་བསྐོར་བའི་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་བར་མ་ཟད། དཔེ་མཚོན་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་དང་འགྲིམ་འགྲུལ་དོན་རྐྱེན་ཡོངས་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གྱོད་གཞི་ལྟར་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ཉེན་བརྡའི་སློབ་གསོར་ཤུགས་སྣོན་བྱས།
 

ལོ་ཙཱ་བ།སྒྲོལ་མ་སྐྱིད།