མཚོ་སྐོར་འགྲམ་རྒྱུད་ཀྱི་རི་དྭགས་དགོ་བར་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་ཆེས་ཆེ་བའི་བདེ་སྐྱིད་ཅིག་ཡིན།
2017.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡི་རྟོག་ཞིབ་པ་གཞོན་པ་བུའུ་ཡུང་ལིན་ལ་མཚོན་ནས་བཤད་ན། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རི་དྭགས་དགོ་བ་དང་ལྷན་འཛོམས་བྱུང་བ་དེ་ནི་ཚེ་འདིའི་ཆེས་ཆེ་བའི་བདེ་སྐྱིད་ཅིག་ཏུ་སེམས་ཡོད་ལ། དེ་ནི་ང་རང་ལ་མཚོན་ན་ཚེ་འདིར་འགྱོད་པ་སྤུ་ཙམ་ཡང་མེད་པའི་བྱ་བ་ཞིག་ཡིན་ཞེས་རང་གི་སེམས་སྟེང་ནས་རི་དྭགས་དགོ་བ་ལ་སྲུང་སྐྱོང་བྱེད་པའི་སེམས་ཁམས་ཞིག་བརྗོད་བྱུང་།

འགྱོད་པ་སྤུ་ཙམ་ཡང་མེད་ཞེས་པའི་སེམས་ཁམས་འདི་དེ་ལྟར་བརྗོད་རྒྱུ་སླ་མོ་ཞིག་ག་ལ་ཡིན། སྐད་ཆ་མང་པོ་བཤད་རྒྱུར་མི་དགའ་བའི་བུའུ་ཡུང་ལིན་གྱི་ཆེས་སྤྱིར་བཏང་གི་སྐད་ཆའི་ནང་ཡོད་ཚད་འདུས་ཡོད། ཅུང་ནག་པོའི་ངོ་གདོང་གི་བབ་ཆགས་ཀྱིས་ཁོས་རི་དྭགས་དགོ་བར་བཅངས་པའི་བརྩེ་བ་དེ་མངོན་ཐུབ་ལ། བརྩེ་བ་དེར་ཨ་མའི་བྱམས་སེམས་དང་ཨ་ཕའི་རླབས་ཆེན་གྱི་དུངས་བ་འདུས་ཡོད།

སྟོན་མགོ་མའི་དུས་ཚིགས་ལ། རི་དྭགས་དགོ་བ་མྱུར་སྐྱོབ་ལྟེ་གནས་སུ་ནམ་མཁའ་དྭངས་ཤིང་། སྔོ་རྩྭ་ལྗང་ལ། ཕལ་ཆེར་ས་སྤྱི་ཆིངས་ཉིས་བརྒྱ་ལྷག་ཡོད་པའི་རྩྭ་སའི་སྟེང་དུ། རི་དྭགས་དགོ་བ་རྣམས་དལ་མོར་རྒྱུ་བཞིན་ཡོད།

སྔོན་དག་དག་ལ་རི་དྭགས་དགོ་བའི་དགོ་ཕྲུག་རྩེབས་པའི་དུས་ཡིན་པ་དང་། བུའུ་ཡུང་ལིན་གྱིས་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། དགོ་ཕྲུག་རྩེབས་ས་ནས་སྦྲ་གུར་ཞིག་ཕུབས་ཏེ་ཉིན་མཚན་དབྱེར་མེད་དུ་དགོ་ཕྲུག་རྩེབས་པར་ལྟ་རྟོག་བྱས། འདས་པའི་ལོ་ངོ་བཅུའི་རིང་ལ། བུའུ་ཡུང་ལིན་གྱིས་འདི་ལྟར་སྒྲུབ་པ་དང་། དགོ་ཕྲུག་རྩེབས་པའི་དུས་ལ་སླེབས་ཐེངས་རེར་ཁོ་རང་དགོ་ཕྲུག་ཨ་མའི་ཉེ་འགྲམ་ནས་ནམ་ཡང་ཁ་བྲལ་བཞིན་མེད།

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་དགོ་ཕྲུག“ཀོ་ཡོན”རྩེབས་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། བུའུ་ཡུང་ལིན་གྱིས་བཤད་རྒྱུར། སྐབས་དེར་ཁོས་དགོ་མོ་ཞིག་གི་ལུས་པོ་འདར་སིག་སིག་བྱེད་བཞིན་པ་དང་། མིག་ཧྲིལ་བོའི་ན་ཟུག་གི་སྡུག་བསྔལ་གྱི་ཁེངས་ཡོད་པ་མཐོང་ལ། སྐབས་དེར་ཁོས་ཉམས་མྱོང་ལྟར་ན། དགོ་བ་འདིས་དགོ་ཕྲུག་རྩེབས་ཐུབ་ཀྱིན་མེད་པ་ཐག་གཅོད་བྱས།

དགོ་མོ་འདིས་དགོ་ཕྲུག་རྩེབས་པར་བར་ཆད་མི་བཟོ་བའི་ཆེད་དུ། བུའུ་ཡུང་ལིན་སེམས་ཆུང་ངང་དགོ་མོའི་ཉེ་འགྲམ་དུ་བཅར་བ་དང་། ཡང་ན་དགོ་མོར་འདུག་རོགས་བྱས། དགོ་ཕྲུག“ཀོ་ཡུན”གྱི་ཨ་མས་ཡང་བུའུ་ཡུང་ལིན་ཉེ་འགྲམ་དུ་བསྡད་པ་ལ་དེ་འདྲའི་འཚུབ་ཆ་མ་ལངས་པས། མཇུག་མཐར་བུའུ་ཡུང་ལིན་གྱི་རོགས་རམ་འོག་ཏུ། དགོ་ཕྲུག“ཀོ་ཡུན”བདེ་བླག་ངང་ནས་རྩེབས་ཐུབ་པ་བྱུང་བ་དང་། ཁོས་སེམས་ཡང་བདེ་ལ་འབབ་ཐུབ་པ་བྱུང་།

དེ་ནི་ཁོའི་མི་ཚེའི་ཆེས་མཛེས་སྡུག་ལྡན་པའི་ལྷན་འཛོམས་ཞིག་ཏུ་ངོས་འཛིན་བཞིན་ཡོད་ལ། དེའི་རྗེས་ཀྱི་ལོ་ངོ་བཅུའི་ནང་དུ་ཁོ་དང་རི་དྭགས་དགོ་བ་གཉིས་འབྲེལ་འདྲིས་བྱེད་རྒྱུ་བྱུང་། ཁོའི་དྲན་པའི་ངོས་སུ། རི་དྭགས་དགོ་བ་དང་ལས་འབྲེལ་བྱུང་བ་དེ་ནི་ཉིས་སྟོང་གསུམ་ལོ་ཡིན་པ་དང་། སྐབས་དེར་ཁོས་བྱ་ཁང་དུ་བྱ་བ་སྒྲུབ་བཞིན་པ་དང་། ཉིན་ཞིག་འབྲོག་པ་ཞིག་གིས་ཁ་པར་ཐོན་སྟེ་དགོ་མོ་ཞིག་མྱུར་སྐྱོབ་བྱེད་དགོས་པའི་རེ་བ་ཞུས། དེའི་འཕྲོར་ཁོས་དགོ་བ་དེ་མྱུར་སྐྱོབ་ལྟེ་གནས་སུ་ཁྱེར་ནས་དགོ་བ་མྱུར་སྐྱོབ་བྱེད་པའི་ཐབས་ལམ་རེ་རེ་འཚོལ་ཞིབ་བྱས། སྐབས་དེ་ནས་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་དགོ་བར་ལྟ་སྐྱོང་བྱེད་ཆེད། བུའུ་ཡུང་ལིན་གྱིས་རི་དྭགས་དགོ་བར་སྲུང་སྐྱོབ་ཀྱི་རིམ་པ་དང་། ངལ་གསོའི་ཁོར་ཡུག རིགས་རྒྱུད་ཀྱི་གྲངས་ཀ་སོགས་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱས་ཏེ། དགོ་བའི་གྲོགས་པོ་འདི་དག་དང་འབྲེལ་འདྲིས་སྔར་ལས་ལེགས་པོ་བྱས།

རི་དྭགས་དགོ་བ་ཐེངས་དང་པོར་མྱུར་སྐྱོབ་བྱས་པ་ནས་མགོ་བརྩམས་ཏེ། ན་ནིང་ལོ་མཇུག་བར་དུ། བུའུ་ཡུང་ལིན་གྱིས་དགོ་བ་དྲུག་ཅུ་ལྷག་མྱུར་སྐྱོབ་བྱས་པ་དང་། རྒྱུད་སྤེལ་བའི་དགོ་བ་སུམ་ཅུ་ལྷག་ལ་སླེབས།

བུའུ་ཡུང་ལིན་གྱིས་གསར་འགོད་པར་བཤད་རྒྱུར། དགོ་བར་རྨས་སྐྱོན་ཐེབས་ཐེངས་རེ་རེར་ཁོས་རྨ་ཁར་བདག་བྱེད་པ་དང་། སྨན་ཁབ་རྒྱག་པ། ཟས་རིགས་སྟེར་བ། བཙའ་རོགས་བྱེད་པ་སོགས་བྱེད་བཞིན་ཡོད་ལ། ཁོ་རང་ཉིད་ཡང་སྔོན་ཆད་རི་དྭགས་དགོ་བར་སྲུང་སྐྱོབ་བྱེད་པའི་ཉམས་མྱོང་ཅི་ཡང་མེད་པ་ཞིག་ནས་ད་ལྟ་ཡོད་ཚད་ཤེས་མཁན་ཞིག་ཏུ་གྱུར་ཡོད་པ་རེད།

ད་ལྟ་ཁོས་མྱུར་སྐྱོབ་ལྟེ་གནས་ཀྱི་དགོ་བ་རྣམས་ལ་སེམས་ཞིབ་མོས་ལྟ་སྐྱོང་བྱེད་དགོས་པར་མ་ཟད། ད་དུང་ཟླ་རེར་ཐེངས་རེར་སྐོར་བསྐྱོད་ལྟ་རྟོག་བྱེད་དུ་འགྲོ་དགོས་ལ། ཆེས་ཉུང་ནའང་གཟའ་འཁོར་རེར་དུས་ཚོད་གཅིག་གི་ནང་ལ་ཁོ་རང་མཚོ་སྔོན་པོའི་འགྲམ་གྱི་རི་དྭགས་དགོ་བ་ཡོད་ས་མང་པོར་སོང་ཡོད་པ་རེད།

ཁོ་རང་ཆེས་དགའ་བའི་དོན་ཞིག་ནི་སྔོན་དག་དག་ལ་ཚད་ལེན་བྱས་པའི་གྲངས་ཀ་ལྟར་ན། མཚོ་སྔོན་པོའི་མཐའ་སྐོར་གྱི་རི་དྭགས་དགོ་བ་ཁྱབ་ཡོད་སའི་ས་ཁོངས་བཅུ་བདུན་དུ་བསྡོམས་པས་རི་དྭགས་དགོ་བ་སྟོང་གཉིས་དང་བཅུ་ཡོད་པ་ཐོ་འགོད་བྱས་ཡོད་པ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་ལྔ་བརྒྱ་དང་ཞེ་དྲུག་གིས་ཇེ་མང་དུ་སོང་ཡོད་ལ། དེའི་ནང་རི་དྭགས་དགོ་བ་མོ་བཞི་བརྒྱ་ཉེར་གཉིས་དང་། ཕོ་སྟོང་གཅིག་དང་སོ་བདུན། དགོ་ཕྲུག་ལྔ་བརྒྱ་དང་ང་གཅིག་ཡོད་པ་རེད།

བུའུ་ཡུང་ལིན་གྱིས་བཤད་རྒྱུར། རི་དྭགས་དགོ་བ་ནི་མིའི་རིགས་དང་འབྲེལ་འདྲིས་ཆེས་ཟབ་པའི་གྲོགས་པོ་བཟང་པོ་ཡིན་པ་དང་། མཚོ་སྐོར་ས་ཁུལ་གྱི་མུ་འབྲེལ་བཟའ་བཏུང་གི་ཆེས་མེད་དུ་མི་རུང་བའི་ཁག་ཅིག་ཡིན་ལ། ང་དང་ཁོའི་མཉམ་འཛོམས་དེ་ནི་ལོ་ངོ་བཅུའི་རིང་ལ་བཙུགས་པའི་མི་དང་སྲོག་ཆགས་བར་གྱི་བརྩེ་བ་དེ་ཡིན་ཟེར།

བུའུ་ཡུང་ལིན་གྱིས་ལོ་ངོ་བཅུའི་རིང་ལ་བརྟན་སྲུང་དང་རྒྱུན་འཁྱོངས་བྱས་པར་བརྟེན་ནས་མཚོ་སྐོར་ས་ཁུལ་གྱི་རི་དྭགས་དགོ་བ་ལ་འདང་བརྩེ་ཟབ་མོ་ཆགས་ཡོད་པ་དང་། དེ་ནི་ཁོ་དང་ཁོ་འདྲ་བའི་སྲུང་སྐྱོབ་མཁན་མང་པོ་ཞིག་གིས་འབད་བརྩོན་གྱིས་བསྐྲུན་པའི་རི་དྭགས་དགོ་བའི་བདེ་སྐྱིད་ཀྱི་གཞིས་ཁྱིམ་དྲོན་མོ་ཞིག་ཡིན།

ལོ་ཙཱ། ཚེ་རིང་སྒྲོལ་མ།