མཚོ་སྔོན་པོའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད།
2017.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་ཞིབ་ཁང་གིས་ཆེས་གསར་བའི་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུ་སྣ་གཙོ་བོ་དག་ལ་ཆར་ཆུ་དུས་སུ་བབས་པའི་རྐྱེན་གྱིས་རང་རྒྱལ་གྱི་སྐམ་སའི་མཚོ་མཚོ་སྔོན་པོ་ཡི་རྒྱ་ཁྱོན་སྟོང་མུས་གྲུ་བཞི་མ་སྟོང་བཞི་དང་བཞི་བརྒྱ་དོན་དྲུག་ལྷག་ཡོད་པ་དེ། ན་ནིང་གི་དུས་མཉམ་དང་བསྡུར་ན་སྟོང་མུས་གྲུ་བཞི་མ་ང་གཅིག་ལྷག་གིས་ཇེ་ཆེར་སོང་འདུག་ལ། དེ་ནི་ཞི་ཧུའུ་མཚེའུ་བདུན་གྱི་རྒྱ་ཁྱོན་ལྟ་བུ་རེད། གནམ་གཤིས་བརྟག་དཔྱད་ཆེད་མཁས་པས་སྔོན་དཔག་བྱས་པ་ལྟར་ན། མཚོ་སྔོན་པོའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་འགྲོ་རྒྱུ་རེད།

མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་ས་ཁུལ་དུ་གནས་ཡོད་པ་དང་། དེ་ཡི་འབབ་ཡུལ་ནི་ཤར་རྒྱུད་ཀྱི་དུས་རླུང་ས་ཁུལ། ནུབ་བྱང་རྒྱུད་ཀྱི་སྐམ་ཤས་ཆེ་བའི་ས་ཁུལ་དང་ལྷོ་ནུབ་མཐོ་གྲང་ས་ཁུལ་གྱི་སྦྲེལ་མཚམས་ཡིན་པ་མ་ཟད། མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་འཛིན་བྱེད་པའི་ཆུ་གཟུགས་གཙོ་བོ་ཡིན་པ་མ་ཟད། ནུབ་རྒྱུད་ས་རྒོད་ཅན་དུ་འགྱུར་བར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ལྟ་བུར་གྱུར་ཡོད། ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་འབབ་རྒྱུད་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། 2004ལོ་ནས2016ལོའི་བར། མཚོ་སྔོན་པོའི་རྒྱ་ཁྱོན་སྟོང་མུས་གྲུ་བཞི་མ་བརྒྱ་དང་རེ་དགུ་གྲངས་ཆུང་དྲུག་བདུན་ཇེ་ཆེར་སོང་ཡོད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་ཞིབ་ཁང་གི་མཐོ་རིམ་བཟོ་སྐྲུན་པ་ལིག་པའོ་ཁཱང་གིས་ངོ་སྤྲོད་བྱས་པར་ལྟར་ན། མཚོ་སྔོན་པོ་ན་ནིང་དང་བསྡུར་ན་ཆེར་རྒྱས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཆར་ཆུ་མང་དུ་བབས་པས་ཡིན་ལ། ད་ལོའི་ཟླ་ལྔ་བའི་ཚུན་ལ་མཚོ་སྔོན་པོའི་འབབ་རྒྱུད་དུ་སྔོན་ལོ་དང་བསྡུར་ན་ཆར་ཆུ་མང་དུ་བབས་པས། ན་ནིང་གི་དུས་མཉམ་དང་བསྡུར་ན་ཆུ་གནས་ལིས་མུས་སུམ་ཅུ་ཡར་འཕེལ་འདུག དེའི་ཁྲོད། ཟླ་བདུན་པ་ནས་བརྒྱད་པའི་དཀྱིལ་ལ་མཚོ་སྔོན་པོའི་ས་ཁུལ་གྱི་ཐེམ་ཆེན་རྫོང་དང་། རྐང་ཚ་རྫོང་། ཧེ་ཡན་རྫོང་བཅས་སུ་ཆར་བབས་ཚད་ན་ནིང་ལས་བརྒྱ་ཆའི་བཞི་ཡིས་ཇེ་མང་དུ་སོང་འདུག

གཞན་ད་དུང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་ཞིབ་ཆེད་མཁས་པས་སྔོན་དཔག་བྱས་པ་ལྟར་ན། ཟླ་དགུ་བ་ནས་ཟླ་བཅུ་བའི་བར་མཚོ་སྔོན་པོའི་ས་ཁུལ་མང་ཆེ་བར་སྔོན་ལོ་དང་བསྡུར་ན་ཆར་ཆུ་མང་དུ་འབབ་རྒྱུ་ཡིན་པས། སྔོན་དཔག་བྱས་པ་ལྟར་ན་རྗེས་ཕྱོགས་ཀྱི་དུས་ཡུན་ནང་མཚོ་སྔོན་པོ་མུ་མཐུད་དུ་ཇེ་ཆེར་རྒྱས་རྒྱུ་རེད།

ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་པོའི་རྒྱ་ཁྱོན་ཇེ་ཆེར་སོང་བ་ཡིས་ཉེ་འགྲམ་ས་ཁུལ་གྱི་གནམ་གཤིས་ཇེ་ལེགས་སུ་འགྲོ་སྲིད་པ་དང་། ཉེ་འགྲམ་གྱི་བྱེ་འགྱུར་ཅན་གྱི་ས་ཆ་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་ནུས་ཐོན་སྲིད་ལ། འོན་ཀྱང་། མཚོ་སྔོན་པོ་ཆེར་རྒྱས་པ་དང་བསྟུན་ནས་མཐའ་འཁོར་གྱི་ཡུལ་སྐོར་སྒྲིག་ཆས་ལ་གནོད་སྐྱོན་ཐེབས་སྲིད་པས། འབྲེལ་ཡོད་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་ལ་དོ་སྣང་གལ་ཆེན་བྱས་ཏེ། དུས་ཐོག་ཏུ་མཚོ་སྔོན་པོའི་ཉེ་འགྲམ་གྱི་བུ་ཧ་ཆུ་བོ་དང་འོམ་ཆུ་སོགས་ས་གནས་སུ་སྐོར་སྐྱོད་ཞིབ་བཤེར་བྱས་ཏེ། ཡུལ་སྐོར་སྒྲིག་ཆས་ཀྱི་བདེ་འཇགས་ཞིབ་བཤེར་བྱ་བར་ཤུགས་སྣོན་གང་ལེགས་བྱ་དགོས།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།