མཚོ་སྔོན་པོའི་བྱ་རིགས་ཀྱི་སྣ་ཁ་ཉིས་བརྒྱ་ཉེར་གསུམ་དུ་འཕར།
2017.09.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

གསར་འགོད་པས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ཆུ་བྱའི་རིགས་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས། མཚོ་སྔོན་གྱིས་ཀླུ་མོ་གཞོང་གི་བརླན་ས་ནས་ཐོག་དང་པོར་བྱེའུ་མགོ་སྐྱ་མཐོང་བ་དང་། མིག་སྔའི་བར་དུ། མཚོ་སྔོན་པོའི་བྱ་རིགས་ཉིས་བརྒྱ་ཉེར་གསུམ་དུ་འཕར་སྣོན་བྱུང་ཞིང་། ཆུ་བྱའི་གྲངས་ཀ་དེ་ན་ནིང་གི་དུས་མཉམ་ལས་སྟོང་བཞི་ལྷག་ཏུ་འཕར་བ་དང་རིགས་བརྒྱད་དུ་བསླེབས།

ད་ལོའི་ཟླ་དྲུག་པར་མཚོ་སྔོན་པོའི་ཆུ་བྱའི་རིགས་ལ་ལྟ་སྐུལ་ཚད་ལེན་བྱེད་སྐབས། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའི་ལྟ་ཞིབ་ཚད་ལེན་མི་སྣས་ཀླུ་མོ་གཞོང་གི་བརླན་ས་ནས་གཟུགས་དབྱིབས་ཅུང་ཆེ་ཞིང་མགོ་སྐྱ་སྐྱ་དང་ཁོག་སྨད་ཟིང་སྐྱ་ཡིན་པའི་ཁྱད་པར་ཅན་གྱི་བྱ་ཞིག་མཐོང་། ཡིན་ནའང་། བྱ་རིགས་གང་ཞིག་ལ་གཏོགས་པ་གཏན་འཁེལ་མ་བྱས་པ་རེད། བྱ་རིགས་ཀྱི་ཟིན་ཐོ་ལེགས་པོ་འགོད་ཆེད། ལྟ་སྐུལ་ཚད་ལེན་མི་སྣས་པར་མང་པོ་བླངས་སྟེ། ཡང་ཡང་ཞིབ་བསྡུར་དང་། བྱ་རིགས་ཞིབ་འཇུག་གི་ཆེད་མཁས་པས་ཞིབ་འཇུག་བྱས་པ་བརྒྱུད། མཇུག་མཐར་བྱ་དེ་བྱེའུ་མགོ་སྐྱར་གཏན་འཁེལ་བྱས་ཏེ། མཚོ་སྔོན་པོའི་བྱ་རིགས་ཀྱི་ཟིན་ཐོ་གསར་བར་བཀོད།

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའི་ལྟ་ཞིབ་ཚད་ལེན་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བྱེའུ་མགོ་སྐྱ་དེ་གཙོ་བོ་རང་རྒྱལ་གྱི་ཞིན་ཅང་ས་ཁུལ་དུ་ཁྱབ་ཡོད་ལ། མཚོ་སྔོན་དུ་བྱ་དེ་ཡོད་པའི་ཟིན་ཐོ་མེད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཧྲིལ་བོར་ལེགས་བཅོས་བྱུང་བ་དང་བསྟུན་ནས། མཚོ་སྔོན་པོའི་བྱ་རིགས་ཀྱི་གྲངས་ཀ་དང་སྣ་ཁ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད།

ད་ལོའི་ཟླ་བརྒྱད་པར། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་ལ་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱེད་སྐབས། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའི་ལྟ་ཞིབ་ཚད་ལེན་མི་སྣས་ཆུ་བྱ་འཚོ་སྡོད་བྱེད་ས་ཉེར་གསུམ་ནས་བསྡོམས་པས་ཆུ་བྱའི་རིགས་ཞེ་བཞི་དང་ཆུ་བྱ་ཁྲི་གསུམ་སྟོང་དགུ་ཟིན་བྲིས་སུ་བཀོད་པ་དང་། བྱ་རིགས་དེ་དག་ཡོངས་ཁྱབ་ཏུ་མཚོ་སྔོན་པོ་མཐའ་བསྐོར་གྱི་བརླན་སར་ཁྱབ་ཡོད།

མཚོ་སྔོན་པོའི་མཐའ་བསྐོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་སྐྱེ་དངོས་སྣ་མང་ལ་ཚད་ལྡན་སྒོས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་དེ། མཚོ་སྔོན་པོའི་བྱ་རིགས་རྒྱུན་ཆད་མེད་པར་ཇེ་མང་དུ་གྱུར། ན་ནིང་གི་དུས་མཉམ་དང་བསྡུར་ན། ད་ལོར་ཆུ་བྱའི་རིགས་ཀྱི་གྲངས་ཀ་དེ་སྟོང་བཞི་ལྷག་ཏུ་འཕར་བ་དང་། རིགས་བརྒྱད་དུ་འཕར་སྣོན་བྱུང་ཡོད། དེར་མ་ཟད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་རིགས་སྟེ་ངང་དཀར་ཀྱང་རྒྱུན་དུ་མཚོ་སྔོན་པོར་འཕུར་ཡོང་ཀྱིན་ཡོད་ལ། མིག་སྔར། དོ་དམ་ཅུའི་ལྟ་ཞིབ་ཚད་ལེན་མི་སྣས་མཚོ་སྔོན་པོར་ངང་དཀར་ཉེར་གཅིག་ཡོད་པ་ཟིན་ཐོར་བཀོད་ཡོད།

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའི་ཆ་འཕྲིན་ཚན་ཁག་གི་ཚན་གཙོ་ཧྭིག་ཡོན་ཧྲིན(侯元生)གྱིས་བཤད་རྒྱུར། མཚོ་སྔོན་པོའི་བྱ་རིགས་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བ་དང་བརླན་སའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཇེ་ཆེར་སོང་སྟེ། བྱ་རིགས་སྣ་ཚོགས་ལ་འཚོ་སྡོད་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པས་རེད་ཟེར།
 

ལོ་ཙཱ་བ། སྒྲོལ་མ་སྐྱིད།