མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་དགོ་ཡི་གྲངས་ཀ་འཕར་སྣོན་བྱུང་སྟེ་སྟོང་གཉིས་ལྷག་ལ་སླེབས།
2017.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

1.jpg

གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་སྤེལ་བའི2017ལོའི་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་རི་ཐང་ཞིབ་བཤེར་བྱ་བའི་ཁྲོད། མཚོ་སྔོན་པོའི་མཐའ་སྐོར་གྱི་ཁྱབ་ཁོངས་བཅུ་བཞིའི་ལམ་ཐིག་བཅུ་བདུན་གྱི་གནས་སུ་དགོ་སྟོང་གཉིས་དང་བཅུ་ལྷག་ཟིན་ཐོར་བཀོད་ཡོད་ལ། ལོ་སྔོན་མའི་དུས་མཉམ་དུ་བསྡུར་ན་དགོ་ལྔ་བརྒྱ་ཞེ་དྲུག་འཕར་སྣོན་བྱུང་ཡོད། དེའི་ཁྲོད་དགོ་བ་བཞི་བརྒྱ་ཉེར་གཉིས་དང་དགོ་མོ་སྟོང་གཅིག་སོ་བདུན་དང་། དགོ་ཕྲུག་ལྔ་བརྒྱ་ང་གཅིག་ཡོད་པ་ལྟ་ཞིབ་ཚད་ལེན་ལས་གསལ་བོ་ཤེས།

རྒྱུས་ལོན་པ་ལྟར་ན། ད་ལོ་དང་སྔོན་ལོ་བསྡུར་ན་ལྟ་ཞིབ་ཀྱི་ཁྲོད་ལམ་ཐིག་བཞི་གསར་དུ་བསྣན་པ་དང་། དགོ་ཡི་ཁེབས་ཚད་སྔོན་ལས་ཕྱོགས་ཡོངས་ལ་ཁྱབ། དེ་དང་ཆབས་ཅིག ཐེངས་འདིའི་ལྟ་ཞིབ་བྱེད་སྐབས་དགོ་ཡི་ཕྲུ་གུ་བཙའ་བའི་བྱ་བ་ཡོངས་འགྲུབ་བྱས་ཡོད་པ་དང་། དགོ་ཕྲུག་རྣམས་དགོ་མ་དང་མཉམ་དུ་གང་སར་རྒྱུ་བཞིན་ཡོད་ལ། ལྟ་ཞིབ་བྱེད་པའི་དུས་ཚིགས་ཆེས་བཟང་བོ་ཡིན་པ་དང་། དགོ་རྣམས་ཅུང་གཅིག་བསྡུས་སྒོས་ཁེབས་ཡོད།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་ཚན་རྩལ་ཁྲུའུ་ཀྲང་ཡཱང་ཐའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡིས་ཉེ་ལམ་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཁྲོད་ཐོག་དང་པོར་མི་མེད་གནམ་གྲུའི་ལག་རྩལ་བཀོལ་ནས་ལྟ་ཞིབ་བྱས་ལ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་དང་ས་ཁམས་ཀྱི་དབྱེ་ཚུལ་ལ་ཞིབ་བཤེར་བྱེད་པའི་བྱ་བ་མངོན་འགྱུར་བྱས་པ་དང་། ལྟ་ཞིབ་དོ་དམ་ཆུ་ཚད་ཇེ་མཐོར་བཏང་བས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཕན་ནུས་ལྡན་པའི་སྐུལ་འདེད་བྱས།

དེ་དང་ཆབས་ཅིག མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡིས་སྐྱེ་ཁམས་འཛུགས་སྐྲུན་ལ་བརྟན་བརླིང་སྒོས་སྐུལ་འདེད་བྱེད་པ་དང་། 《རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་སྲོལ་ཡིག》ལྟར། བྱ་གླིང་དང་ཆོན་བཱན་བརླན་ས། དཀར་ལྷ་བརླན་ས། རྟ་ནག་མ་བརླན་ས་སོགས་ཆུ་བྱའི་འཚོ་སྡོད་གནས་དང་ཝ་འཇོག་དང་དཔལ་དགེའི་དགོ་ཁེབས་ཚུལ་གནས་སུ་མི་མེད་གནམ་གྲུ་འཕུར་མི་ཆོག་པའི་རྟགས་བཀལ་ཡོད་པ་དང་། རྒྱ་ཆེའི་སྤྱི་ཚོགས་ཀྱི་མི་སྣ་ཡོངས་རི་སྐྱེས་སྲོག་ཆགས་དང་རྩྭི་ཤིང་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་དགོས།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།