མཚོ་སྔོན་པོའི་རྒྱ་ཁྱོན་བསྟུད་མར་ཇེ་ཆེར་སོང་སྟེ་ལོ་ངོ་བཅུ་བདུན་རིང་གི་ཆེས་ཆེ་བའི་ཚད་ལ་སླེབས་པ།
2017.11.17 ཁུངས། ཀློག་གྲངས། 47

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཆེས་གསར་བའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་རྒྱུ་ཆ་ལས་མངོན་པ་ལྟར་ན། ད་ལོའི་ཟླ་ལྔ་བའི་ཆུ་ལོག་རྒྱས་པའི་དུས་སྐབས་ནས་བཟུང་། མཚོ་སྔོན་པོ་མཐའ་འཁོར་ས་ཁུལ་གྱི་ཆར་འབབ་ཚད་ཅུང་མང་བའི་རྐྱེན་གྱིས་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་སྟེ་མཚོ་སྔོན་པོའི་རྒྱ་ཁྱོན་བསྟུད་མར་ཇེ་ཆེར་སོང་སྟེ། སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་བཞི་བརྒྱ་གོ་བདུན་ལྷག་ལ་ཇེ་ཆེར་སོང་བ་དང་། ད་ལོའི་ཟླ་བཞི་བ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་དོན་གཅིག་ལྷག་གིས་རྒྱ་བསྐྱེད་ཅིང་། ཟླ་བདུན་པ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་རེ་གཅིག་དང་གྲངས་ཆུང་གསུམ་གཉིས་ཀྱིས་རྒྱ་བསྐྱེད་པ་རེད། དེ་ཉིས་སྟོང་གཅིག་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་དུས་མཉམ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་དོན་གཉིས་གྲངས་ཆུང་བརྒྱད་ལྷག་གིས་རྒྱ་བསྐྱེད་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་རེ་དྲུག་ལྷག་རྒྱ་བསྐྱེད་པས། ལོ་ངོ་བཅུ་བདུན་རིང་གི་ཆེས་མཐོ་བའི་གྲངས་ཚད་བསྐྲུན།

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་མཐོ་སྒང་གི་ཚྭ་མཚོ་ཞིག་ཡིན་པ་དང་། དེ་ནི་མཚོ་བོད་མཐོ་སྒང་བྱང་ཤར་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆུ་གནས་གཙོ་བོ་ཞིག་ཏུ་ཆགས་ཡོད་ལ། དེ་ནི་ནུབ་རྒྱུད་ཀྱི་བྱེ་ཐང་ཅན་དེ་ཤར་ཕྱོགས་སུ་རྒྱ་བསྐྱེད་པར་ཚོད་འཛིན་བྱེད་པའི་རང་བྱུང་གི་བཀག་དངོས་ཞིག་ཀྱང་རེད། མཚོ་སྔོན་པོའི་རྒྱ་ཁྱོན་བསྟུད་མར་ཇེ་ཆེར་སོང་བ་དེ་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་དང་། བྱ་རིགས་ངལ་གསོ་བྱེད་སའི་ཁོར་ཡུག་དང་ཡང་ན་མཚོ་སྐོར་ས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཕན་པ་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་འགྱུར་བ་དེས་ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་མཚོ་བོད་མཐོ་སྒང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ཁ་ཕྱོགས་མཚོན་ཡོད་པ་དང་། དེས་ཚྭ་འདམ་གཞོང་ས་དང་། གཙང་གསུམ་འབྱུང་ཁུངས། ཆི་ལིན་རི་བོ་སོགས་ས་ཁུལ་ལ་ཆ་སྙོམས་ཀྱིས་ཤན་ཤུགས་ཅུང་ཆེན་པོ་ཐེབས་བཞིན་ཡོད་པ་རེད། 

ལོ་ཙཱ། ཚེ་རིང་སྒྲོལ་མ།