སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྣེ་ཁྲིད་པ་བཟང་བོ་ཞིག་བྱེད་དགོས།
2018.07.16 ཁུངས། ཀློག་གྲངས། 112

ཉིན་འགའི་སྔོན་ལ། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་པ་དང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཚོན་པར་བྱས་ཏེ། བཙོག་སྐྱོན་སྔོན་འགོག་གི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བཀོད་སྒྲིག་ཆེན་པོ་བྱེད་པར་སྐུལ་འདེད་བཏང་། ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་འགའི་སྔོན་ལ《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དང་བཙོག་སྐྱོན་སྔོན་འགོག་ལ་ངེས་པར་དུ་ཤུགས་སྣོན་བཟང་བོ་བྱེད་པའི་འབྲེལ་ཡོད་བསམ་འཆར》བཏོན་པ་མ་ཟད་དོན་སྙིང་ཟབ་མོ་ལྡན་ལ་ཕན་ནུས་ཧ་ཅང་ཆེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་པ་དང་། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། བཙོག་སྐྱོན་སྔོན་འགོག་གི་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་བྱེད་ཐབས་གསལ་བོ་བྱས། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་བསམ་བློ་མཐོར་འདེགས་བཏང་སྟེ། “འདུ་ཤེས་བཞི”ལ་ཤུགས་སྣོན་པ་དང་། འགན་དུ་ཁུར་ཕོད་པ་དང་རང་འགུལ་གྱི་བྱ་སྤྱོད་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི”རེ་བ་གལ་ཆེན་ལྟར། “ལྔ་བཞི”འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་། “ཁྱིམ་གཞིས་མཛེས་བསྒྱུར”དང“གནམ་སྔོ་བ་དང་ཆུ་དྭངས་བའི”བྱ་སྤྱོད་གོ་སྐབས་སུ་བརྩིས་ཏེ། བཙོག་སྐྱོན་ཆེན་པོ་གསུམ་འགོག་བཅོས་བྱེད་པའི་འཆར་གཞི་ནན་ཏན་སྒོས་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་། བཙོག་སྐྱོན་སྔོན་འགོག་བྱེད་པར་རྨང་གཞི་བརྟན་པོ་བཏིང་། ན་ནིང་ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་བཟང་བའི་ཚད་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་བཞི་ལ་སླེབས་ཡོད་པ་དང་། རྒྱལ་ཁབ་ཀྱིས་ས་ངོས་ཀྱི་ཆུའི་བཟང་ངན་དཔྱད་ཞིབ་བྱས་པའི་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་བདུན་ལ་སླེབས་ཡོད། ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུའི་སྤུས་ཚད་མངོན་སུམ་སྒོས་ཇེ་ལེགས་སུ་སོང་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་རེ་བདུན་གྱི་སྡེ་བ་དང་འབྲོག་པའི་གཏན་སྡོད་གནས་སུ་ཁོར་ཡུག་ལེགས་བཅོས་བྱས་པས། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་བཟང་ལ་ཅུང་བརྟན་འཇགས་རེད། འཁོར་སྐར་འཕྲིན་གཏོང་དྲ་རྒྱ་དང་དྲ་བ་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ཚད་ལེན་དྲ་རྒྱ་ཐོག་མར་བཙུགས་ཤིང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་ཟུག་པའི་རེའུ་མིག་སྒྲིག་བཟོ་དང་། བཙོག་དངོས་ཕྱིར་འདོན་མཆོག་འཐུས་ལམ་ལུགས་བཅོས་སྒྱུར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སྤྱིའི་ཚད་བཀག་དབྱེ་འབྱེད་གཏན་འབེབ་སོགས་ཀྱི་བྱ་བར་གྲུབ་འབྲས་ཆེན་པོ་བླངས་བ་དང་། རྒྱལ་ཁབ་ཀྱི་གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་རྫོང་ཁོངས་ཀྱི་དཔྱད་ཞིབ་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད། སྐྱེ་ཁམས་མངའ་ཁོངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས། སྐྱེ་ཁམས་དཔལ་ཡོན་གྱི་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་མ་ལག་རྨང་གཞིའི་སྟེང་བཙུགས་པ་དང་། ཀྲུང་དབྱང་གི་རེ་བ་དང་འཚམ་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་སྒྲོམ་གཞི་བཙུགས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ“ཏང་སྲིད་ཀྱི་མཉམ་དུ་འགན་ཁུར་བ་དང་། ལས་རྐང་གཅིག་ལ་ལམ་ལུགས་གཉིས”བཅས་ཕན་ནུས་ཡོད་པའི་སྒོ་ནས་དངོས་འབེབ་བྱས་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་ཐད་སྔར་བྱུང་མ་མྱོང་བའི་རྣམ་པ་གསར་བ་བསྐྲུན།

དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང་། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གོ་བ་ཟབ་མོ་བླངས་ནས།《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ་བཙོག་སྐྱོན་སྔོན་འགོག་གི་བྱ་བ་བཟང་བོར་སྒྲུབ་དགོས་པའི་བསམ་འཆར》ནན་ཏན་སྒོས་ལག་ལེན་དངོས་འབེབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་། ཁྱད་པར་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གི་གཏམ་བཤད་རེ་བ་ལྟར། “དམ་འཛིན་བདུན”རྒྱུན་འཁྱོངས་བྱེད་པ་དང་། བཙོག་སྐྱོན་སྔོན་འགོག་གི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་བཟང་བོར་སྒྲུབ་པ། བྱ་བ་སྣ་ཚོགས་ནན་ཏན་སྒོས་བཟང་བོར་སྒྲུབ་ཏེ། དངོས་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྣེ་ཁྲིད་པ་བཟང་བོ་བྱེད་དགོས།

གཅིག་ནི་བཙོག་སྐྱོན་སྔོན་འགོག་བྱེད་པའི་མཚོན་རྟགས་རང་བཞིན་གྱི་འགན་ལེན་པ་བཟང་བོ་བྱེད་དགོས། ས་ཁོངས་གཙོ་བོ་དང་བཞུར་རྒྱུད། ཁྱབ་ཁོངས་བཅས་འབུར་དུ་ཐོན་པར་བྱས་ནས། ནུས་ཤུགས་གཅིག་བསྡུས་བྱས་ཏེ་ནམ་མཁའ་སྔོ་བར་བྱེད་པ་དང་། བཙོག་ཆུ་བཅོས་སྐྱོང་བྱེད་པ། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོབ་བྱེད་པ། ཞིང་སྡེའི་སྡོད་གནས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པ། ཞིང་ལས་དང་ཞིང་སྡེའི་རྣམ་པ་དང་བཙོག་སྐྱོན་སྔོན་འགོག་བྱེད་པ། དོར་བའི་གཏེར་རའི་ཁོར་ཡུག་བཅོས་སྐྱོང་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཆེད་སྤྱོད་ཞིབ་བཤེར་དག་བཅོས་སོགས་མཁྲེགས་གཏོར་བྱ་བ་སྣ་བརྒྱད་ཀྱི་ཐད་ཤུགས་སྣོན་བྱས་ནས་འབད་པས་སྒྲུབ་དགོས།

གཉིས་ནི་མུ་མཐུད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མངའ་ཁོངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་བཀག་དང་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་ཁ་གསབ་བྱེད་པ། ཁེ་ལས་ཁོར་ཡུག་གི་ཡིད་ཆེས་དཔྱད་འཇོག་བྱེད་པ། ཁོར་ཡུག་ལ་གནོད་པ་ཡོད་པ་དང་རང་བྱུང་ཐོན་ཁུངས་ལ་གནོད་པ་སོགས་བཅོས་སྒྱུར་བྱེད་ཐབས་དངོས་འབེབ་བཟང་བོ་བྱས་པ་མ་ཟད། སྤྱི་ཚོགས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པ་དང་། སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་པ། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རྫུན་བཟོ་ལ་ཆད་པ་ནན་མོ་གཅོད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། འབྲེལ་ཡོད་བྱ་བ་བཟང་བོར་སྒྲུབ་དགོས།

གསུམ་ནི་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་པ་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་དབྱང་ལ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ཡར་ཞུ་དང་དག་ཐེར་བྱེད་པའི་མཐུན་སྦྱོར་འབྲེལ་གཏུག་བྱ་བ་གཅིག་གྱུར་སྒོས་བཟང་བོར་སྒྲུབ་ཏེ། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་དུས་ལྟར་རེ་བ་ཡོངས་འགྲུབ་བྱེད་པའི་འགན་འཁྲི་ལེགས་བཅོས་བྱེད་པར་སྐུལ་འདེད་བྱེད་དགོས། ཆེས་གཟབ་ནན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་དངོས་འབེབ་བྱས་ཏེ། མགོ་ཁུངས་གཟབ་ནན་སྒོས་སྔོན་འགོག་བྱེད་པ་དང་བརྒྱུད་རིམ་གཟབ་ནན་སྒོས་དོ་དམ་བྱེད་པ། མཇུག་འབྲས་ལ་ཆད་གཅོད་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། རི་དང་ཆུ། ནགས་ཚལ། མཚེའུ། རྩྭ་ཐང་བཅས་ལྟ་སྐུལ་དོ་དམ་བྱེད་པ་དང་། ལས་སྔོན་དང་ལས་བར། ལས་རྗེས་ཀྱི་བརྒྱུད་རིམ་ཡོངས་ལྟ་སྐུལ་དོ་དམ་བྱེད་པ་མངོན་འགྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གནོད་པ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། ཧུར་ཐག་གིས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་བྱེད་པ་དང་། ཁོར་ཡུག་གི་ཁྲིམས་འགལ་ཉེས་དོན་བྱ་སྤྱོད་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱས་ཏེ་མཐོ་གནོན་རྣམ་པ་སྲུང་འཛིན་བྱེད་དགོས།

བཞི་ནི་ནུས་ཤུགས་ཡོད་དགུས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འཁོར་སྐར་འཕྲིན་གཏོང་དྲ་རྒྱ་དང་དྲ་བ་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ཚད་ལེན་དྲ་རྒྱའི་མ་ལག་དང་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་སྟེགས་བུ་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་ས་ཁོངས་གཙོ་བོའི་མིའི་རིགས་ཀྱི་བྱ་འགུལ་གྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱ་བ་དམ་འཛིན་བཟང་བོ་བྱས་ཏེ། ས་ཁོངས་གཙོ་བོའི་ལྟ་ཞིབ་ཚད་ལེན་བྱ་བ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་བཅའ་ཁྲིམས་དྲིལ་སྒྲོག་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་སྦག་བཙོག་ཐེབས་པ་ཚབས་ཆེ་བའི་གནས་སུ་དྲ་ཐོག་ལྟ་རྟོག་བྱེད་པ། མཁའ་དབུགས་དང་ཆུའི་ཁོར་ཡུག་རྒྱུ་སྤུས་རང་འགུལ་གྱིས་ཚད་འཇལ་བྱེད་པ། དུག་ལྡན་རླངས་གཟུགས་ཚད་འཛལ་ཉེན་གཏོང་མ་ལག་གི་ལེགས་སྒྲིག་དང་བེད་སྤྱོད་ལེགས་བཅོས་བྱེད་དགོས།

ལྔ་ནི་ཧུར་ཐག་གིས་རྒྱལ་ཁབ་ཀྱི་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་དགོས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་ཐད་མ་དངུལ་གཏོང་བའི་གོ་སྐབས་དམ་འཛིན་བཟང་བོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་སོགས་ཀྱི་སྙན་ཞུ་ལ་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་ཞིང་ཆེན་གྱི་སྡེ་ཁག་གིས་གྲོས་མཐུན་གཏན་འཁེལ་བྱས་པའི་ལས་གཞིའི་མ་དངུལ་དང་། སྲིད་ཇུས་ལ་ཁ་ཕྱོགས་པ་དང་རྒྱབ་སྐྱོར་བྱེད་ཐབས་དངོས་འབེབ་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གི་འགོ་ཁྲིད་གཙོ་བོའི་གཏན་འཁེལ་བྱས་པའི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་དང་། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་ཐེབས་པའི་ལམ་ལུགས་བཅོས་སྒྱུར་བྱེད་པ། ཀེ་ལྕགས་ཀྱི་གནོད་པ་ཐེབས་པའི་ས་ཞིང་བཅོས་སྐྱོང་དང་སླར་གསོ་བྱེད་པ། ཆུའི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱེད་པ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་དངོས་འབེབ་བྱས་ཏེ། རྒྱལ་ཁབ་ཀྱིས་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཚད་ཆེས་ཆེ་བ་བརྩོན་ལེན་བྱེད་དགོས།

དྲུག་ནི་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་ཁག་བརྟན་པོ་ཞིག་འཛུགས་པའི”རེ་བ་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་པོ་སེམས་སུ་དམ་པོར་བཅངས་ནས། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གི་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པ་གོ་སྐབས་སུ་བརྩིས་ཏེ། དངོས་གནས་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཧུར་ཐག་གིས་ཆབ་སྲིད་བརྟན་པོ་དང་སྤྱོད་ཚུལ་བཟང་བོ། ནུས་པ་མཐོ་བ། དང་དུ་ལེན་ཕོད་པའི་ཆེད་ལས་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་དཔུང་སྡེ་ཞིག་བསྐྲུན་དགོས།

བདུན་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་སློབ་གསོ་ཇེ་དྲག་ཏུ་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལ་དམིགས་ནས་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ། རྣམ་པ་གསར་སྐྲུན་དང་བྱེད་ཐབས་ཕུན་སུམ་ཚོགས་པར་གཏོང་བ། གླེང་ཕྱོགས་ཀྱི་སྣེ་ཁྲིད་ནུས་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་སྤེལ། ལྷད་མེད་གསར་སྐྲུན། སྤྱི་དམངས་སློབ་གསོ་བཅས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“མཚོ་སྔོན་གྱི་གཏམ་རྒྱུད”བཟང་བོར་བཤད་ནས། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་རྒྱབ་སྐྱོབ། ཟབ་ཞུགས་བྱེད་པའི་ནུས་པ་ཆགས་སུ་བཅུག་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲང་ཕྱོགས་ཀྱི་ནུས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།