སྐྱེ་ཁམས་ཁ་གསབ་ལམ་ལུགས་དངོས་འབེབ་བྱས་པས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཐད་གྲུབ་འབྲས་མངོན་གསལ་བླངས།
2018.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ》དཔར་འགྲེམ་བྱས་པ་མ་ཟད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། གསར་འགོད་པས་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་དང་བོད་ལྗོངས་ཞིང་ཆེན་གཉིས་ཀྱིས་ཉེ་བའི་ལོ་འགའི་ནང་སྐྱེ་ཁམས་ཁ་གསབ་ལམ་ལུགས་དངོས་འབེབ་བྱས་པས། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱས་པ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་ཏེ་ཕྱུག་བསྒྱུར་བྱེད་པ་མངོན་འགྱུར་བྱས།

བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་ཀྱི་མང་ཚོགས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ནགས་ཚལ་སྐྱེ་ཁམས་ཕན་ནུས་ཡོད་པའི་སྒོ་ནས་ཁ་གསབ་བྱས་པ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའ་དང་བརླན་སའི་སྐྱེ་ཁམས་ཁ་གསབ་སོགས་ཀྱི་བྱ་བ་ལག་བསྟར་བྱས་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་སུམ་བརྒྱ་བཅུ་དྲུག་བཏང་བ་དང་། ཁ་གསབ་མང་ཆེ་ཤོས་ཐད་ཀར་དུ་མང་ཚོགས་ཀྱི་སྟེང་དུ་བཀོལ།

ཁོས་བཤད་རྒྱུར། སྐྱེ་ཁམས་ཁ་གསབ་བྱས་པ་བརྒྱུད། ས་ཁོངས་མང་པོ་ཞིག་དང་ཁྱད་པར་དུ་ས་ཁོངས་གལ་ཆེ་བའི་གནས། དཔེར་ན་ནག་ཆུ་དང་མངའ་རིས་ཡི་རྩྭ་སའི་སྟེང་། མང་ཚོགས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་རོལ་མགོ་བརྩམས། བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། ལྗང་མདོག་ཐོན་ལས་བཅས་འཕེལ་རྒྱས་བཏང་བར་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་ཏེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད། དཔེར་ན། ན་ནིང་བོད་ལྗོངས་སུ་གནས་སྐོར་དུ་ཡོང་བའི་མི་གྲངས་བྱེ་བ་གཉིས་དང་ས་ཡ་ལྔ་རུ་སླེབས་ཡོད་པ་དང་། ཁྱིམ་ཚང་མང་པོ་ཞིག་གིས་སྐྱེ་ཁམས་གནས་སྐོར་ལ་བརྟེན་ནས་མི་གཅིག་གི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ཡན་ཡོད་པ་མངོན་འགྱུར་བྱས།

དེ་ལས་གཞན། བོད་ལྗོངས་ཀྱིས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་སྐུལ་སློང་བྱས་ཏེ། ནགས་ཚལ་དོ་དམ་མི་སྣ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མི་སྣ། རྩྭ་སའི་དོ་དམ་མི་སྣ། ཞང་དང་གྲོང་རྡལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་མི་སྣ་སོགས་ཀྱི་བྱ་བ་གཉེར་ནས་ཡོང་སྒོ་འཕར་སྣོན་བྱེད་བཞིན་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད“ཕྱོགས་ལྔ་འཕར་སྣོན་དང་ཕྱོགས་གཅིག་ཉུང་འཕྲི”བྱེད་པ་མངོན་འགྱུར་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད“ཕྱོགས་ལྔ་འཕར་སྣོན་དང་ཕྱོགས་གཅིག་ཉུང་འཕྲི”བྱེད་པ་མངོན་འགྱུར་བྱས།

རྩི་ཤིང་སླར་གསོའི་ཐད་ཤུགས་སྣོན་བྱས་པ། མཚོ་སྔོན་གྱི་རྩྭ་སའི་རྩི་ཤིང་གི་ཁེབས་ཚད་ལོ་ལྔའི་ནང་བརྒྱ་ཆའི་གྲངས་ཐིག་གསུམ་དང་གྲངས་ཆུང་བཞི་ཇེ་མཐོར་སོང་བ་དང་། རྩྭ་ས་ཞན་འགྱུར་གྱི་གནས་བབ་ལ་བཀག་འགོག་ཐོབ་པ་མ་ཟད། རྩྭ་སའི་སྐྱེ་ཁམས་མ་ལག་གི་ནུས་པ་རིམ་བཞིན་སླར་གསོ་བྱུང་། ནགས་ཚལ་གྱི་ཁེབས་ཚད་ལོ་ལྔའི་ནང་བརྒྱ་ཆའི་གྲངས་ཐིག་གཅིག་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་།

ཆུའི་ཐོན་ཁུངས་སྤྱིའི་ཚད་འཕར་སྣོན་བྱུང་བ། 2005ལོའི་ཚུན་ལ། མཚོ་སྔོན་གྱི་ཆུའི་ཐོན་ཁུངས་སྤྱིའི་ཚད་དེ་ལོ་མང་པོའི་སྔོན་ལས་མུས་རྒྱ་དཔངས་གྲུ་བཞི་གོ་བརྒྱད་ལས་ཇེ་མཐོར་སོང་ཡོད་ལ། ཆུ་ཁུངས་གསོ་གསོག་གི་ནུས་པ་མངོན་གསལ་སྒོས་འཕར་སྣོན་བྱུང་། དུས་རབས་སྔོན་མའི་དུས་མཇུག་ཏུ། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་མེད་པར་གྱུར་བའི་མཐོ་སྒང་གི་མཚེའུ་སྟོང་ཕྲག་ལ་ཉེ་བ་དང་བརླན་ས་བཅས་སླར་གསོ་བྱུང་།

བརླན་སའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་ཇེ་ཆེར་གྱུར་བ། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་གོ་གནས་དང་པོ་ཟིན་ཡོད་ལ། རྒྱལ་ཡོངས་ཀྱི་བརླན་ས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅོ་ལྔའི་ཡན་ལ་སླེབས་ཡོད།

སྐྱེ་དངོས་སྣ་མང་རང་བཞིན་འཕར་སྣོན་བྱུང་བ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་གྱུར་ཡོད་པ་དང་། རི་དྭགས་གཙོད་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད།

རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱུང་བ། ས་ཆ་གཞན་ལ་གནས་སྤོར་བ་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་པ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་འབྲེལ་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བྱས།

བྱེ་ཐང་གི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་པ། ས་ཆུ་ཤོར་བའི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་ཡོད་ལ། བྱེ་ས་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ཡང་ཇེ་ཆུང་དུ་འགྲོ་བཞིན་པ་མངོན་འགྱུར་བྱས་ཟེར།

ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་སྲུང་སྐྱོབ་དང་དབུལ་ཐར་གཉིས་ཟུང་འབྲེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”ཡོད་པའི་སྐྱེ་ཁམས་དོ་དམ་གྱི་སྤྱི་ཕན་ལས་གནས་བཙུགས་པ་དང་། མི་གྲངས་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གི་སྐྱེ་ཁམས་དོ་དམ་མི་སྣའི་ལག་རྟགས་བཟུང་ནས་ལས་ཞུགས་བྱས་ལ། རྒྱ་ཆེའི་རོང་འབྲོག་པ་རྣམས་རང་བྱུང་ལ་བརྟེན་པ་ནས་རང་བྱུང་སྲུང་སྐྱོབ་མཁན་དུ་གྱུར་ཡོད་ཟེར།

ཆེད་མཁས་པས་སྐྱེ་ཁམས་ཁ་གསབ་ཀྱི་ཕན་འབྲས་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན།

ཀྲུང་གོ་ཚན་རྩལ་གླིང་གི་ཡོན་ཧྲི་ཀྲིན་ཏུའུ་ཡིས་བཤད་རྒྱུར། སྐྱེ་ཁམས་ཁ་གསབ་ཀྱི་བྱེད་ཐབས་ལག་བསྟར་བྱས་པས། རོང་འབྲོག་པའི་འཚོ་བའི་ཆུ་ཚད་བརྟན་འཇགས་དང་ཇེ་མཐོར་བཏང་བ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས། འོན་ཀྱང་། ཕྱོགས་ཁ་ཤས་ཀྱི་ཐད་ད་དུང་སྔར་ལས་ལྷག་པར་ཤུགས་སྣོན་བྱེད་དགོས།

ཁོས་བཤད་རྒྱུར། མཐོ་སྒང་གི་སྐྱེ་ཁམས་ཁ་གསབ་ལམ་ལུགས་ལག་ལེན་ཁྲོད། ཁ་གསབ་མ་དངུལ་ཅུང་སྣ་གཅིག་ཡིན་པ་དང་། ཁེ་ཕན་གྱི་འབྲེལ་ཡོད་ཕྱོགས་གསལ་བོ་མིན་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པས། ཁ་གསབ་ཚད་གཞི་དང་དེ་མིན་སྐྱེ་ཁམས་ཁ་གསབ་གཞུང་ལུགས་ཐད་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཁོས་ད་ལྟའི་སྲིད་གཞུང་ཕྱོགས་ཀྱི་ཁ་གསབ་དང་ས་ཁོངས་ཕྱོགས་ཀྱི་ཁ་གསབ་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་བསྒྱུར་དགོས་པ་སྐུལ་འདེད་བྱེད་དགོས་ཟེར།

ཁོས་བལྟས་ན། སྐྱེ་ཁམས་ཁ་གསབ་ཀྱི་མཇུག་འབྲས་དཔྱད་ཞིབ་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བྱེད་དགོས། དཔེར་ན། མཐོ་འཁྱག་གི་ཕྱུགས་རར་མཚོན་ནས་བཤད་ན། རྩྭ་ས་ཇེ་ཞན་དུ་འགྱུར་བཞིན་པའི་གནས་སུ་དུས་ཡུན་རིང་བོར་ཕྱུགས་འགོག་དགོས། རྩྭ་སའི་སྔར་ཡོད་ཀྱི་སྐྱེ་ཁམས་མ་ལག་ཁྲོད་རྩྭ་ཕྱུགས་ཀྱི་འབྲེལ་བ་གཏོར་བརླག་བྱེད་སྲིད་ལ། རྩྭ་ས་སླར་གསོ་བྱེད་པར་མི་ཕན། དེ་བས། སྤྱིའི་ཆ་ནས་སྐྱེ་ཁམས་ཁ་གསབ་གྲུབ་འབྲས་ཀྱི་ལྟ་ཞིབ་དང་དཔྱད་འཇོག ཁ་གཏད་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།