མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ།(ཁག་དང་པོ།)
2018.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི༼    མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ། ༽   རྒྱབ་ཤོག་དཀར་པོ། 

མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་ལྷོ་ནུབ་རྒྱུད་དུ་གནས་ཡོད་པ་དང་དེའི་ཁོངས་སུ་བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱི་ཞིང་ཆེན་དང་ལྗོངས།  དེ་མིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་ཆ་ཁ་ཤས་ཚུད་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་དྲུག་ཟིན་པ་དང་ས་ཁུལ་མང་ཆེ་བའི་མཚོ་ངོས་མཐོ་ཚད་ལ་མས་བཞི་སྟོང་ལྷག་ལས་བརྒལ་ཡོད། མདོ་དབུས་མཐོ་སྒང་ལ“འཛམ་གླིང་གི་ཡང་རྩེ”དང“གོ་ལའི་གླིང་སྣེ་གསུམ་པ” “ཨེ་ཤེ་ཡའི་ཆུ་མཛོད”བཅས་ཀྱི་མཚན་སྙན་འབྱོར་ཡོད་ལ། དེ་ནི་རི་སྐྱེས་སྲོག་ཆགས་རྩ་ཆེན་དག་གི་རང་བྱུང་འཚོ་གནས་ཁུལ་དང་མཐོ་སྒང་སྐྱེ་དངོས་སྣ་ཚོགས་ཀྱི་གཞི་རྒྱུའི་མཛོད་ཡིན་ལ། ཀྲུང་གོ་དང་ཡང་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་དང་། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ས་ཁུལ་གཙོ་བོའི་གྲས་གཅིག་ཀྱང་ཡིན།

ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་ཀྱི་གཞི་རྩའི་ཇུས་ཆེན་དུ་བརྩིས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་དང་སྤྱི་ཚོགས་འཛུགས་སྐྲུན་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ནང་ཚུད་པར་བྱས་ཡོད། ཀྲུང་གོས་ནུས་ཤུགས་ཡོད་དགུས་རི་བོ་སྔོ་ཞིང་ཆུ་བོ་དྭངས་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཆགས་པར་བྱེད་པ་དང་ལག་བསྟར་བྱས་ནས་བཙུགས་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ། དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་སྒོས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེས་མཐོ་སྒང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་གོ་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཡར་སྐུལ་བྱེད་པར་ཤན་ཤུགས་ཆེན་པོ་ཐེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་བྱ་བ་ཀུན་གྱི་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་འབྲེལ་བ་དམ་པོར་ཡོད་པའི་བྱ་བཞག་གལ་ཆེན་ཞིག་ཡིན། མིག་སྔར། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རིམ་བཞིན་འཐུས་ཚང་ཅན་དུ་གྱུར་ནས། སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། ཁོར་ཡུག་གི་སྤུས་ཚད་བརྟན་ཅིང་ལེགས་པ། ལྗང་མདོག་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བ། ཚན་རྩལ་གྱི་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་སྐྲུན་པ་དང་། སྐྱེ་ཁམས་རིག་གནས་རིམ་གྱིས་ཆགས་ཡོད་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ནུས་པ་མངོན་གསལ་དུ་འགྲོ་བཞིན་ཡོད།

གཅིག སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གྱུར་བ།

རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་བསྟུན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཉིན་བཞིན་འཐུས་ཚང་དུ་འགྲོ་བ་དང་། མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་རིམ་བཞིན་ཆ་ཇེ་ཚང་དུ་གྱུར་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་རིམ་བཞིན་འཐུས་ཚང་དུ་འགྲོ་བ།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས༽དང༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་མོའི་བཙོག་སྐྱོན་སྔོན་འགོག་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཙོག་སྐྱོན་སྔོན་འགོག་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་གད་སྙིགས་ཁོར་ཡུག་བཙོག་སྐྱོན་སྔོན་འགོག་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཁྲལ་འཇལ་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེངས་འཇོག་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་སྐོར་གྱི་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་གཤིས་བཅའ་ཁྲིམས༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས༽སོགས་གཏན་འབེབས་དང་བཟོ་བཅོས་གནང་། བཅའ་ཁྲིམས་དེ་དག་གཏན་འབེབས་དང་ལག་བསྟར་བྱས་པ་དེས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་ཁོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བཅའ་ཁྲིམས་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད།

2015ལོར། ༼ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་འཆར༽དང༼སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གྱི་སྤྱིའི་ཇུས་གཞི༽འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གྱི་སྤྱིའི་རེ་བ་དང་། དམིགས་འབེན་རིང་བོ།ལས་འགན་གཙོ་བོ་དང་ལམ་ལུགས་མ་ལག་བཅས་བཏོན་ནས། ལམ་ཐིག་དང་དུས་ཚོད་རེའུ་མིག་གསལ་བོར་བྱས། མིག་སྔར། ཀྲུང་གོས་ནུས་ཁུལ་གཙོ་བོའི་ལམ་ལུགས་དང་ཐོན་ཁུངས་ཁོར་ཡུག་དོ་དམ་ལམ་ལུགས་བཙུགས་ཏེ་རྒྱལ་ཡོངས་སུ་ཁེབས་པར་བྱས་ཡོད་ལ། ཀྲུང་གོའི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་།  ཞིང་ཆེན་མངའ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་ཞིབ་ཚད་ལེན་བྱེད་པའི་དོ་དམ་ལམ་ལུགས་བཙུགས་པར་མ་ཟད། ཕྱོགས་ཡོངས་ནས་ཆུ་བདག་ལམ་ལུགས་དང་མཚོ་བདག་ལམ་ལུགས། དེ་མིན་བཙོག་དངོས་ཕྱིར་འདོན་ཚོད་འཛིན་ཆོག་འཐུས་ལམ་ལུགས་ལག་བསྟར་བྱས། ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་སྐྱོང་ལས་ཁུངས་སུ་ཚོད་ལྟའི་གནས་བཙུགས་ཏེ། ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་སྐྱོང་གི་ཕྱོགས་བསྡུས་ནུས་པ་ཇེ་དྲག་ཏུ་བཏང་བས། ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་ཚད་ལྡན། གཅིག་གྱུར་གདེངས་འཇོག གཅིག་གྱུར་ལྟ་ཞིབ། གཅིག་གྱུར་ཁྲིམས་སྐྱོང་བཅས་མངོན་འགྱུར་བྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གདེངས་འཇོག་དཔྱད་ཞིབ་དང་འགོ་ཁྲིད་ལས་བྱེད་པས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་གནས་དང་ཁ་བྲལ་ཏེ་རྩིས་ཞུ་བྱེད་པ་སོགས་ཀྱི་ལྟ་སྐུལ་ལམ་ལུགས་གཏན་འཁེལ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གསལ་བོར་བྱེད་པ་དང་འགན་འཁྲི་ལམ་ལུགས་ཀྱི་འབྲེལ་ཐག་གཙོ་བོ་གཟབ་ནན་སྒོས་རྗེས་འདེད་བྱས་ཏེ། ༼ཏང་སྲིད་འགན་འཁྲི་མཉམ་ཁུར༽དང༼ལས་གནས་གཅིག་ལ་འགན་འཁྲི་གཉིས༽དངོས་འབེབས་བྱས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ལམ་ལུགས་འཛུགས་པར་སྐུལ་འདེད་བྱས་ཏེ། རང་བྱུང་ཐོན་ཁུངས་གཅིག་གྱུར་གྱི་བདག་དབང་གཏན་འཁེལ་ཐོ་འགོད་དང་། རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་བཀོལ་སྤྱོད་ཀྱི་དོ་དམ་བྱེད་ཐབས་དང་། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་སྐྱིན་ཚབ་ཡོད་པར་བཀོལ་སྤྱོད་བྱེད་པའི་ལམ་ལུགས་བཅོས་སྒྱུར་གྱི་མཛུབ་སྟོན་བསམ་འཆར་གཏན་འབེབས་བྱས་པ། “སྒྲིག་སྲོལ་མང་པོ་གཅིག་སྒྲིལ”དང་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་སོགས་ཚོད་ལྟའི་གནས་སུ་སྐུལ་འདེད་བྱས། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ས་ཁུལ་བརྒལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནོད་སྐྱོན་ཁ་གསབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་གནས་བཙུགས་པ་དང་།  དེ་དང་ཆབ་ཅིག བོད་ལྗོངས་དང་མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དུ་མཐོ་སྒང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་ས་ཁུལ་རང་བཞིན་གྱི་ཁྲིམས་སྲོལ་དང་ལག་བསྟར་བྱེད་ཐབས་གཏན་འཁེལ་བྱས། བོད་རང་སྐྱོང་ལྗོངས་ཀྱིས༼ནུས་ཤུགས་ཡོད་དགུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་སྐྲུན་བྱས་ཏེ། མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར༽ དང༼མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར༽༼བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱེད་ཐབས༽སོགས་གཏན་འཁེལ་བྱས། མཚོ་སྔོན་ཞིང་ཆེན་གྱིས༼མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྤྱིའི་ཇུས་གཞི༽དང༼མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལྟ་སྐུལ་སྲོལ་ཡིག༽༼མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔོན་ལ་ལག་བསྟར་བྱེད་པའི་ཇུས་གཞི༽སོགས་གཏན་འབེབས་བྱས། ཟི་ཁྲོན་ཞིང་ཆེན་གྱིས༼ཟི་ཁྲོན་ཞིང་ཆེན་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་སྲོལ་ཡིག༽སོགས་གཏན་འབེབས་བྱས། ཀན་སུའུ་ཞིང་ཆེན་གྱིས༼ཀན་སུའུ་མདོ་ལ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་སྲོལ་ཡིག༽སོགས་གཏན་འབེབས་བྱས། ཡུན་ནན་ཞིང་ཆེན་གྱིས༼བདེ་ཆེན་ཁུལ“གཙང་བོ་གཉིས”ཀྱི་བཞུར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད༽དང་། ༼ཡུན་ནན་ནུབ་བྱང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་འགུལ་སྐྱོད་འཆར་འགོད༽སོགས་གཏན་འབེབས་བྱས།

མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ཕལ་ཆེར་ཆགས་པར་བྱས་ཡོད།

རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་ཐོག་མར་འཛུགས་པ།

རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་ནི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། རང་བྱུང་མ་རྩ་དང་སྐྱེ་ཁམས་མ་ལག་ཞབས་ཞུར་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་དང་ཡང་ན་གོ་ལ་ཧྲིལ་བོའི་སྤྱི་དམངས་ཀྱི་བདེ་སྐྱིད་ལ་འགན་སྲུང་བྱེད་པའི་དོ་དམ་བྱེད་ཐབས་གལ་ཆེན་ཞིག་ཡིན། མིག་སྔར། མདོ་དབུས་མཐོ་སྒང་གི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་དེ་རང་བྱུང་སྲུང་སྐྱོབ་ཁུལ་གཙོ་བོ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་སྒྱུར་བཞིན་ཡོད།

1963ལོར། མདོ་དབུས་མཐོ་སྒང་གི་ཐོག་དང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགད་པ་དང་། 1994ལོར།༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག༽ཁྱབ་བསྒྲགས་ལག་བསྟར་བྱས་རྗེས། རང་བྱུང་སྲུང་སྐྱོབ་ཁུལ་རིམ་པའི་མ་ལག་དང་དོ་དམ་ལས་ཁུངས། བྱེད་ནུས་ཁུལ་གསལ་བོར་བྱས་པ་དང་། མདོ་དབུས་མཐོ་སྒང་གི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་མགྱོགས་མྱུར་སྒོས་བརྟན་འཇགས་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྐྱོད། མིག་སྔར། མདོ་དབུས་མཐོ་སྒང་དུ་རིམ་པ་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ་བརྒྱ་དང་ང་ལྔ་བཙུགས་པ་དང་། དེའི་ནང་དུ་རྒྱལ་ཁབ་རིམ་པ་ཞེ་གཅིག་དང་ཞིང་ཆེན་རིམ་པ་རེ་བཞི་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་བརྒྱད་དང་ཁྲི་གཉིས་ལྷག་ཡོད་ཅིང་། དེས་མཐོ་སྒང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་དྲུག་གསུམ་ཟིན་ལ། ཀྲུང་གོའི་སྐམ་སའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་ལྔ་དྲུག་ཟིན་པས། གཞི་རྩའི་ཆ་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་ལ། ཉམས་ཞན་ཡིན་པའི་སྐྱེ་ཁམས་མ་ལག་དང་དེ་མིན་རྩ་ཆེ་བའི་སྐྱེ་དངོས་ཐོན་ཁུངས་ཁེབས་པར་བྱས་ཡོད།

སྐྱེ་ཁམས་དཔལ་ཡོན་ལམ་ལུགས་སྒྱུར་བཅོས་གྱི་སྐུལ་འདེད་གཏིང་ཟབ་དང་བསྟུན་ནས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་དགོས་པར་བཏོན། 2016ལོར། རྒྱལ་ཁབ་ཀྱིས༼གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི༽ར་དངོས་སུ་ཆོག་མཆན་བཀོད། དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་ཐོག་མ་ཡིན་ལ། དེའི་དཀྱིལ་སྙིང་ནི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་གཙོ་བོ་རྒྱལ་ཁབ་བདག་དབང་དང་། དམངས་ཡོངས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་རྒྱུ་དེ་ཡིན། མཚོ་སྔོན་ཞིང་ཆེན་གྱིས༼གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག༽གཏན་འབེབས་བྱས་ཏེ། སྤྱི་གླིང་ནང་ཁུལ་གྱི་བརྟག་དཔྱད་དང་སྲུང་སྐྱོབ་བྱ་ཡུལ། ཐོན་དབང་ལམ་ལུགས། རྒྱུ་ནོར་གྱི་བུ་ལོན་ཟུག་པའི་རེའུ་མིག སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན། རིག་གནས་ཤུལ་བཞག་སྲུང་སྐྱོབ། སྐྱེ་ཁམས་ཁ་གསབ་དང་གནོད་འགོག་གནོད་སེལ། ནད་ཡམས་བརྟག་ཞིབ་སོགས་ཀྱི་ཐད་ནས་སྤྱི་གླིང་དོ་དམ་ལ་གཏན་འཁེལ་གསལ་བོ་བཏོན་པ་རེད། 2018ལོའི་ཟླ་དང་པོར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས༼གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད༽པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་དང་སྤྱིའི་བཀོད་སྒྲིག ནུས་པ་གཏན་འཁེལ། དོ་དམ་དམིགས་འབེན་སོགས་སྔར་ལས་ལྷག་པར་གསལ་བོ་བྱས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་དེས་མདོ་དབུས་མཐོ་སྒང་དང་ཉེ་འགྲམ་ས་ཁུལ་གྱི་ལྗམ་བསྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྲིད།

སྐྱེ་ཁམས་ཁ་གསབ་ལམ་ལུགས་དངོས་སུ་གཏན་འཁེལ་བྱས།

སྐྱེ་ཁམས་ཁ་གསབ་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱིས་མདོ་དབུས་མཐོ་སྒང་དུ་སྐྱེ་ཁམས་ནུས་ཁུལ་གཙོ་བོ་སྒོར་མོ་སྤོ་འགྱུར་དང་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ། བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་སྐྱེ་ཁམས་ཁ་གསབ་ལམ་ལུགས་བཙུགས། 2008ལོ་ནས2017ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་མཚོ་སྔོན་དང་བོད་ལྗོངས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་སྐྱེ་ཁམས་ནུས་ཁུལ་གཙོ་བོར་སྒོར་མོ་སྤོ་འགྱུར་བྱས་པའི་མ་དངུལ་སོ་སོར་སྒོར་དུང་ཕྱུར་བརྒྱ་དང་རེ་གཉིས་དང་བྱེ་བ་བརྒྱད་ས་ཡ་དགུ་དང་དུང་ཕྱུར་གྱ་དགུ་དང་བྱེ་བ་བཞི་ས་ཡ་དགུ་བྱིན་པ་དང་། ཁ་གསབ་ཀྱི་ཁྱབ་ཁོངས་ནི་ཞིང་ཆེན་གཉིས་ཀྱི་སྐྱེ་ཁམས་ཀྱི་རྫོང་དོན་བདུན་དང་རྒྱལ་ཁབ་རིམ་པའི་གསར་སྤེལ་གཏན་འགོག་གི་གནས་བཅས་རེད།

“ལོ་ལྔའི་འཆར་གཞི་བཅུ་བའི༼2001ལོ་ནས་2005ལོའི་བར༽”ཚུན་ལ། བོད་རང་སྐྱོང་ལྗོངས་ལ་རྒྱལ་ཁབ་ཀྱིས་ནགས་ཚལ་དང་རྩྭ་ས། བརླན་ས། སྐྱེ་ཁམས་ནུས་ཁུལ་གཙོ་བོ་སོགས་རིགས་མི་འདྲ་བའི་སྐྱེ་ཁམས་ཁ་གསབ་མ་དངུལ་བསྡོམས་པའི་སྒོར་དུང་ཕྱུར་སུམ་བརྒྱ་བཅུ་དྲུག་བཏང་། དེའི་ཁྲོད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”༼2011ལོ་ནས2015ལོའི་བར༽དུས་སྐབས་སུ། རྒྱལ་ཁབ་ཀྱིས་བསྡོམས་པའི་བོད་ལྗོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་བརྒྱད་དང་བྱེ་བ་བརྒྱད་བཏང་། 2015ལོའི་ཚུན་ལ། རང་སྐྱོང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་གྱོད་དོན་ཁ་གསབ་ལམ་ལུགས་འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་། མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་ལྔ་བཏང་ནས་རོང་འབྲོག་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་ཀྱིསབཟོས་པའི་ཉེས་དོན་གྱོང་གུད་ཁ་གསབ་བྱས།

རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་བཏང་། 2013ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་རེ་བཞི་བཀོད་སྒྲིག་བྱས་ནས། བསྟུད་མར་རྩྭ་ཐང་དང་ནགས་ཚལ། བརླན་ས་སོགས་ཀྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་རིགས་ཀྱི་ལས་གཞི་ལག་བསྟར་བྱས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་ཟུང་འབྲེལ་མངོན་འགྱུར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྤྱི་ཕན་དོ་དམ་ཁོར་སྲུང་མི་སྣའི་ལམ་ལུགས་འོས་སྦྱོར་བྱས་ཏེ། ལོ་རེ་རེར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་བཀོད་སྒྲིག་བྱས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”འི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་ཁྱིམ་ཚང་འབུམ་དྲུག་དང་ཁྲི་གཉིས་སྟོང་གཉིས་སུམ་བརྒྱའི་སྡོད་ཁང་ལེགས་བཅོས་བྱས་པ་དང་། མི་གྲངས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བཞི་ལྷག་གིས་ཆུ་གཙང་མ་འཐུང་ཐུབ་ལ། མི་གྲངས་འབུམ་དྲུག་དང་ཁྲི་ལྔ་ཡིས་གློག་བཀོལ་སྤྱོད་བྱེད་ཐུབ་པར་གྱུར་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་ཆེན་པོ་བྱུང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས2009ལོ་ནས་བཟུང་། སྤྱི་ཕན་ནགས་ཚལ་ཀྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ལམ་ལུགས་ལག་བསྟར་བྱས་པ་དང་། 2017ལོའི་བར་དུ་རྒྱལ་ཁབ་ཀྱི་ཁ་གསབ་མ་དངུལ་བསྡོམས་པའི་སྒོར་དུང་ཕྱུར་བཅུ་གཅིག་ལྷག་ལ་བུད། 2017ལོར། ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་ལྔ་བ་ཁུལ་གྱི་ནུས་ལྡན་དོ་དམ་སྲུང་སྐྱོབ་མཉམ་སྡེབ་ཀྱི་སྤྱི་ཕན་ནགས་ཚལ་སོ་སོར་སྤྱི་ཆིངས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བརྒྱད་གྲངས་ཆུང་གཉིས་གསུམ་དང་སྤྱི་ཆིངས་འབུམ་དྲུག་ཁྲི་དགུ་གྲངས་ཆུང་དྲུག་ཐིག་རེད། ལོ་མཇུག་ཏུ་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་མ་དངུལ་སོ་སོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་བཞི་དང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བཞི་བཏང་།

ལོ་ཙཱ་བ། རྟ་མགྲིན་སྐྱབས།