མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ།(ཁག་གཉིས་པ།)
2018.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

གཉིས་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་ཕན་འབྲས་མངོན་གསལ་བླངས་པ།

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་ཚུན་དང་། ཁྱད་པར་དུ་ལོ་རབས་དགུ་བཅུའི་ཚུན་ལ། ཀྲུང་གོ་སྲིད་གཞུང་གིས་མདོ་དབུས་མཐོ་སྒང་དུ་སྣ་མང་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་བཀོད་སྒྲིག་བྱས་པ་དང་། དེའི་ཁྲོད་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ། དེ་མིན་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན། ནགས་ཚལ་འགོག་སྲུང་གི་གནས་གཙོ་བོའི་མ་ལག་འཛུགས་སྐྲུན། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ། རྨོ་བསྐྱུར་ནགས་སྐྱོང་རྩྭ་འདེབས་དང་ཕྱུགས་བསྐྱུར་རྩྭ་འདེབས། ས་ཆུ་ཤོར་བ་བཅོས་སྐྱོང་དང་དེ་མིན་བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་འདུ། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན། “གཙང་བོ་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུད་དུ་ནགས་བསྐྲུན་ལྗང་བསྒྱུར་བཟོ་སྐྲུན་ལག་བསྟར་བྱས། མཚོ་སྔོན་གྱིས་མདོ་ལ་རི་བོའི“རི་དང་ཆུ། ནགས་ཚལ། ས་ཞིང་། མཚེའུ། རྩྭ་ས”བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་སྐྲུན་དང་། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས། 2011ལོར། 《མདོ་དབུས་མཐོ་སྒང་ས་ཁོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་འཆར་འགོད(2011-2030ལོ)》ཁྱབ་བསྒྲགས་ལག་བསྟར་བྱས། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་རབ་དང་རིམ་པ་ལག་བསྟར་བྱས་པས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་ཕན་འབྲས་མངོན་གསལ་བླངས་ལ། སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་གནས་བབ་ལ་ཚོད་འཛིན་ཐེབས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་སླར་གསོ་བྱུང་བས། སྐྱེ་ཁམས་བཟོ་སྐྲུན་ས་ཁུལ་གཙོ་བོ་སྐོར་ཞིག་གི་སྐྱེ་ཁམས་ནུས་པ་ཕྱོགས་ཡོངས་ནས་ཇེ་བཟང་དུ་གྱུར།

སྐྱེ་ཁམས་ཞན་འགྱུར་གྱི་གནས་བབ་ལ་ཕན་ནུས་ཡོད་པའི་ཚོད་འཛིན་བྱས་པ།

ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རྩྭ་ས་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་རྣམ་པ་གཙོ་བོ་ཡིན་ལ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་བཞིན་ཡོད་པ་དང་། དེ་ནི་མཐོ་སྒང་ཕྱུགས་ལས་ཀྱི་རྨང་གཞི་ཡིན། ནམ་ཟླའི་འགྱུར་ལྡོག་དང་ཕྱུགས་ཟོག་ཚད་ལས་བརྒལ་ཏེ་འཚོ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་མཐོ་འཁྱག་རྩྭ་ས་མུ་མཐུད་དུ་ཇེ་ཞན་དུ་གྱུར། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བར་དུ། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་བརྒྱད་དང་ཁྲི་གཉིས་ཡོད། དེའི་རྗེས། ཕྱུགས་བསྐྱུར་རྩྭ་འདེབས་དང་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས། དེ་མིན་རྩྭ་སའི་ཨ་བྲའི་གནོད་འཚེ་སྔོན་འགོག་སོགས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་པས། མདོ་དབུས་མཐོ་སྒང་གི་རྩྭ་ས་སྲུང་སྐྱོབ་དང་སླར་གསོའི་ཐད་རིམ་བཞིན་ཕན་འབྲས་མངོན། ཞིབ་འཇུག་ལས་མངོན་པ་ལྟར་ན། 1982ལོ་ནས2009ལོའི་བར། མདོ་དབུས་མཐོ་སྒང་གི་རྩྭ་སའི་ཁེབས་ཚད་དང་ཐོན་སྐྱེད་ནུས་ཤུགས་ཐོག་མའི་སྤྱིའི་གནས་བབ་རིམ་བཞིན་ཇེ་མང་དུ་སོང་བས། རྩྭ་སའི་ཁེབས་ཚད་འཕར་སྣོན་འབྱུང་བའི་ས་ཁོངས་ཀྱིས་རྩྭ་ས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཞེ་བདུན་ཙམ་ཟིན་ཡོད་ལ། ཐོན་སྐྱེད་ནུས་ཤུགས་ཐོག་མ་འཕར་སྣོན་བྱུང་བའི་རྒྱ་ཁྱོན་བརྒྱ་ཆའི་སོ་གཉིས་ཡན་ལ་སླེབས་ཡོད། ཉེ་བའི་ལོ་བཅུའི་རིང་ལ། རྩྭ་སའི་སྐྱེ་ཁམས་མ་ལག་བརྟན་འཇགས་སྒོས་འཕར་སྣོན་འབྱུང་བཞིན་ཡོད།

མདོ་དབུས་མཐོ་སྒང་གི་ནགས་ཚལ་གཙོ་བོར་ཡུན་ནན་གྱི་ནུབ་བྱང་དང་བོད་ལྗོངས་ཀྱི་ཤར་ལྷོ། སི་ཁྲོན་གྱི་ནུབ་ཕྱོགས། ཀན་ལྷོ། མཚོ་སྔོན་གྱི་ཤར་ཕྱོགས་ས་ཁུལ་བཅས་སུ་ཁྱབ་ཡོད། 1950ལོའི་ཚུན་ལ། ནགས་ཚལ་གྱི་ཐོན་ཁུངས་ཏེ་རྒྱ་ཁྱོན་དང་གསོག་ཉར། རྣམ་པ་དེ་མིན་བར་སྟོང་གི་ཁྱབ་ཚུལ་སོགས་ཀྱི་ཐད་འགྱུར་ལྡོག་མངོན་གསལ་བྱུང་། 2016ལོའི་ཐེངས་དགུ་བའི་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་གཙང་བཤེར་ལས་མངོན་པའི་མཇུག་འབྲས་ལྟར་ན། བོད་ལྗོངས་ཀྱི་ནགས་སའི་རྒྱ་ཁྱོན་ལ་ས་མུའུ་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་དགུ་ཁྲི་བརྒྱད་ལྷག་ཡོད་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་ལ་ས་མུའུ་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ལྷག་ཡོད་པས། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཅིག་བཞི་ཟིན་ཡོད། 2011ལོའི་ཐེངས་བརྒྱད་པའི་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་གཙང་བཤེར་གྱི་མཇུག་འབྲས་དང་བསྡུར་ན། ནགས་ས་དང་ནགས་ཚལ་གྱི་རྒྱ་ཁྱོན་སོ་སོར་སྤྱི་ཆིང་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་ལྔ་བརྒྱ་དང་སྤྱི་ཆིང་འབུམ་གཅིག་དང་ཁྲི་དགུ་སྟོང་བརྒྱད་བདུན་བརྒྱ་ཇེ་མང་དུ་སོང་ཡོད། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་གྲངས་ཐིག་ཀླད་ཀོར་གྲངས་ཆུང་གཅིག་དྲུག་གིས་ཇེ་མཐོར་སོང་ཡོད་ལ།  ནགས་ཚལ་གྱི་གསོག་ཉར་ཚད་མུས་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གཉིས་དང་འབུམ་བཞི་ཁྲི་བདུན་ལ་སླེབས་ཡོད་པས། ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཉར་གཉིས་ཀྱི་ཐད་འཕར་སྣོན་འབྱུང་བ་མངོན་འགྱུར་བྱུང་།

མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་བརླན་སའི་ཁྱབ་རྒྱ་ཆེས་ཆེ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་ས་ཁོངས་རེད། 1990ལོར། མདོ་དབུས་མཐོ་སྒང་གི་བརླན་སའི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་ལྔ་བརྒྱ་ཡོད། 1990ལོ་ནས2006ལོའི་བར། མདོ་དབུས་མཐོ་སྒང་གི་བརླན་སའི་རྒྱ་ཁྱོན་ཞན་འགྱུར་གྱི་རྣམ་པ་མངོན་གསལ་ཡིན་ལ། ལོ་རེར་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཅིག་གསུམ་གྱི་མྱུར་ཚད་ལྟར་ཇེ་ཉུང་དུ་འགྲོ་བཞིན་ཡོད། སྤྱིའི་རྒྱ་ཁྱོན་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་སྟོང་གསུམ་ཇེ་ཉུང་དུ་སོང་ཡོད། 2006ལོའི་ཚུན་ལ། བརླན་ས་སྲུང་སྐྱོབ་དང་རང་བྱུང་གི་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་བྱེད་ནུས་འོག བརླན་སའི་རྒྱ་ཁྱོན་མངོན་གསལ་སྒོས་ཇེ་མཐོར་སོང་། 2011ལོར། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་བདུན་བརྒྱ་རུ་སླེབས་ཡོད་པ་དང་། བརླན་ས་ཞན་འགྱུར་གྱི་གནས་བབ་ལ་སྤྱིའི་ཆ་ནས་བཀག་འགོག་ཐོབ། 2014ལོར། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་གཅིག་བཞི་བརྒྱ་རུ་སླེབས་ཡོད། ཉེ་བའི་ལོ་འགའི་རིང་ལ། སྲུང་སྐྱོབ་ཀྱི་ནུས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། བརླན་སའི་སྐྱེ་ཁམས་མ་ལག་སྔར་ལས་ལྷག་པའི་ཇེ་བཟང་དུ་གྱུར་ཡོད།

སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས་བ།

མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་རེད། བྱང་ཐང་གཙང་གསུམ་འབྱུང་ཡུལ་དང་མིན་ཧྲིན་རི་བོའི་བྱང་ཕྱོགས། ཧི་མ་ལ་ཡའི་ཤར་ལྷོའི་རྒྱུད། ལྷོ་ཁ་འཕྲེད་ཀྱིས་བཅད་པའི་གནས་སོགས་ས་ཁོངས་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་ས་ཁོངས་བཅས་ཡིན། མཐོ་སྒང་དུ་ཁྱད་ལྡན་སོན་ལྡན་རྩི་ཤིང་སྟོང་གསུམ་དང་བདུན་བརྒྱ་དྲུག་ཅུ་ཡོད་པ་དང་། སྒལ་རུས་ཅན་གྱི་སྲོག་ཆགས་ཉིས་བརྒྱ་བརྒྱད་ཅུ་ཡོད་པ། རྩ་ཆེ་ཞིང་འཇིག་ཉེན་ཆེ་བའི་རྩི་ཤིང་སྣ་སུམ་བརྒྱ་ལྷག་ཡོད། རི་དྭགས་རྩ་ཆེན་སྣ་བརྒྱ་དང་ཉི་ཤུ་བཅས་ཡོད། བཙུགས་ཟིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱིས་མདོ་དབུས་མཐོ་སྒང་དུ་འཇིག་ཉེན་ཆེ་བ་དང་རྩ་ཆེ་བའི་རི་དྭགས་དང་རྩི་ཤིང་ལ་ཕན་ནུས་ཡོད་པའི་སྒོ་ནས་སྲུང་སྐྱོབ་བྱས།

རྩ་ཆེ་བ་དང་འཇིག་ཉེན་ཆེ་བའི་སྐྱེ་དངོས་རིགས་སླར་གསོ་དང་རྒྱ་བསྐྱེད་པ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཕན་འབྲས་ཐོབ་པའི་མཚོན་རྟགས་མངོན་གསལ་ཅིག་རེད། ཞིབ་འཇུག་ལས་མངོན་པ་ལྟར་ན། མདོ་དབུས་མཐོ་སྒང་གི་ཁྲུང་ཁྲུང་སྐེ་ནག་དང་གཙོད། དགོ་བ། འབྲོང་། ཤྭ་བ་སེར་ཆེན། ཡུན་ནན་གྱི་སྤྲེའུ་སྤུ་སེར་སོགས་ཀྱི་གྲངས་ཀ་བརྟན་འཇགས་སྒོས་འཕར་སྣོན་དུ་འགྲོ་བཞིན་ཡོད། ཡར་ཀླུང་གཙང་བོའི་ཆུ་བོའི་བར་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་པའི་ཚུན་ལ། གནས་དེ་རུ་དགུན་བརྒལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཕལ་ཆེར་འཛམ་གླིང་གི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀའི་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད་པ་དང་། འཛམ་གླིང་གི་ཁྲུང་ཁྲུང་སྐེ་ནག་དགུན་བརྒལ་གྱི་གནས་ཆེས་ཆེ་བར་གྱུར་ཡོད། བྱང་ཐང་མཐོ་སྒང་གི་རི་དྭགས་གཙོད་ཀྱི་གྲངས་ཀ་དེ2000ལོའི་ཁྲི་དྲུག་ནས་སླར་གསོ་བྱུང་སྟེ། 2016ལོར་འབུམ་གཉིས་ཡན་དུ་སླེབས་ཡོད། འབྲོང་གི་གྲངས་ཀ་དེ་སྔོན་གྱི་སྟོང་དྲུག་ནས2016ལོར་ཁྲི་གཅིག་ལ་སླེབས་ཡོད། པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྲེའུ་སྤུ་སེར་གྱི་གྲངས་ཀ་སྲུང་སྐྱོབ་ས་ཚིགས་མ་བཙུགས་སྔོན་སྟོང་གཉིས་ལྷག་ཡོད་པ་དང་། 2014ལོར་སླར་གསོ་བྱུང་ནས་སྟོང་གཉིས་དང་ལྔ་བརྒྱ་རུ་སླེབས་ཡོད། དེ་ལས་གཞན། ས་ཆ་སྐོར་ཞིག་ཏུ་ད་དུང་རི་དྭགས་རྩ་ཆེན་གཞན་པ་གསར་རྙེད་བྱུང་། རྒྱལ་སྤྱིའི་སྟེང་རྩ་མེད་དུ་བྱུང་སྙམ་ཡོད་པའི་བོད་ལྗོངས་ཀྱི་ཤྭ་བ་སེར་ཆེན་ཏེ་1995ལོར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་དུ་ཡང་བསྐྱར་གསར་རྙེད་བྱུང་ལ། གྲངས་ཀ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། ཀོ་ལི་ཀོང་ཧྲིན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་འཇིག་ཉེན་ཆེ་བའི་རི་དྭགས་རྩ་ཆེན་སྤྲེའུ་སྤུ་སེར་གསར་རྙེད་བྱུང་། མཚོ་ཉིན་ནས་རྫས་ཚའི་འབྲོག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བྱ་རོག་མགོ་ནག་སོགས་ལྟ་ཞིབ་ཚད་ལེན་བྱས་ཏེ་རྙེད།

སྐྱེ་དངོས་འཚོ་སྡོད་ཀྱི་གནས་ལེགས་བཅོས་བྱེད་པ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་རྨང་གཞི་ཡིན། མདོ་དབུས་མཐོ་སྒང་གི་རྩི་ཤིང་སླར་གསོ་བྱུང་བས། སྤྱིའི་ཆ་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ཇེ་མཐོར་སོང་། 1998ལོ་ནས2009ལོར། བོད་ལྗོངས་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟེ་གནས་ས་ཁུལ་གྱི་རྩི་ཤིང་སླར་གསོ་བྱུང་སྟེ་མངོན་གསལ་སྒོས་ཇེ་བཟང་དུ་གྱུར་ཡོད། 2005ལོའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བྱེ་འགྱུར་ཅན་གྱི་ས་ཆར་བཀག་འགོག་ཐོབ་པ་དང་། བརླན་སའི་རྒྱ་ཁྱོན་ཇེ་ཆེར་སོང་བས། རྩི་ཤིང་གི་སྐྱེ་ཁམས་གནས་བབ་ལེགས་བཅོས་བྱུང་བ་དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་གནས་ཐར་ཐོར་གྱི་འཕེལ་རིམ་ནས་ཆ་ཚང་རང་བཞིན་དུ་གྱུར་ལ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་། མཚོ་ཉིན་ནས་རྫས་ཚའི་འབྲོག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནང་ཁུལ་གྱི་མཚོ་ཉིན་གྱི་རྒྱ་ཁྱོན2003ལོའི་སྤྱི་ཆིང་བཞི་བརྒྱ་བརྒྱད་ཅུ་ནས2013ལོར་སྤྱི་ཆིང་སྟོང་གཉིས་དང་སུམ་བརྒྱ་ང་བཞི་འཕར་སྣོན་བྱུང་། ཉེ་བའི་ལོ་འགའི་རིང་ལ། གཞི་རྩའི་སྟེང་སྤྱི་ཆིང་སྟོང་གཉིས་སུ་སྲུང་འཛིན་བྱས་ཡོད་པ་དང་། ཆུ་ཁུངས་ཀྱི་རྒྱ་ཁྱོན་འཕར་སྣོན་བྱུང་བས་ཆུའི་ནང་གི་འདབ་ཆགས་སྐྱེ་འཕེལ་དང་འཚོ་སྡོད་ལ་ཡར་སྐུལ་བྱས།

སྐྱེ་ཁམས་བཟོ་སྐྲུན་གཙོ་བོར་ཐོག་མར་ཕན་འབྲས་མངོན།

2009ལོར། རྒྱལ་ཁབ་ཀྱིས《བོད་ལྗོངས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད(2008-2030)》ཆོག་མཆན་བཀོད་པ་དང་། བོད་ལྗོངས་སུ་སྲུང་སྐྱོབ་དང་འཛུགས་སྐྲུན། འདེགས་སྐྱོར་འགན་སྲུང་བཅས་རིགས་ཆེན་པོ་གསུམ་གྱི་སྣ་བཅུའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། 2017ལོའི་ལོ་མཇུག་བར་དུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གོ་དྲུག་བཏང་། དུས་སྐབས་དང་པོའི་བཟོ་སྐྲུན(2008-2014ལོ)ལས་བོད་ལྗོངས་སྐྱེ་ཁམས་བཟོ་སྐྲུན་གྱི་སྒྲོམ་གཞི་གཙོ་བོ་ཐོག་མར་བཙུགས་གྲུབ་བྱུང་ལ། བཟོ་སྐྲུན་གཙོ་བོ་སྐོར་ཞིག་ལ་སྐྱེ་ཁམས་ཁོར་ཡུག་གི་ཕན་འབྲས་མངོན་གསལ་ཐོབ། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རིམ་བཞིན་ཇེ་མཐོར་སོང་ལ། སྐྱེ་ཁམས་སྲུང་ཡོལ་གྱི་ནུས་པ་བརྟན་འཇགས་ངང་ཇེ་བཟང་གི་ཕྱོགས་སུ་བསྐྱོད་བཞིན་ཡོད།

2005ལོར། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་མགོ་བརྩམས་པ་དང་། 2017ལོའི་ལོ་མཇུག་ཏུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་བཏང་། 2013ལོར་དུས་སྐབས་དང་པོའི་བཟོ་སྐྲུན་ཡོངས་འགྲུབ་བྱས་པ་དང་། རྩྭ་ས་ཞན་འགྱུར་གྱི་གནས་བབ་ལ་ཐོག་མར་བཀག་འགོག་ཐོབ། ཆུ་དང་བརླན་སའི་སྐྱེ་ཁམས་མ་ལག་སྤྱིའི་ཆ་ནས་སླར་གསོ་བྱུང་བ་དང་། ཆུ་ཁུངས་གསོ་གསོག་དང་བཞུར་བརྒྱུད་ཀྱི་ཆུ་འདོན་སྤྲོད་ནུས་ཤུགས་ཇེ་མཐོར་སོང་། 2004ལོ་དང་བསྡུར་ན། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་ལས་ལོ་རེར་ཆུའི་སྨད་རྒྱུད་དུ་སྤུས་ལེགས་ཆུ་མུས་རྒྱ་དཔངས་གྲུ་བཞི་མ་ང་བརྒྱད་འདོན་སྤྲོད་བྱེད་བཞིན་ཡོད་ལ། ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ནུས་ཡོད་པའི་འདེགས་སྐྱོར་བྱས།

ལོ་ཙཱ་བ། ཤ་བོ་རིན་མཚོ།