མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ།(ཁག་ལྔ་བ།)
2018.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ལྔ་བ། ཚན་རྩལ་གྱི་འདེགས་སྐྱོར་མ་ལག་རྨང་གཞིའི་སྟེང་བཙུགས་གྲུབ་བྱུང་ཡོད།

ཀྲུང་གོ་གསར་བ་བཙུགས་པའི་ཚུན་ལ། མདོ་དབུས་མཐོ་སྒང་གི་ཚན་རིག་ཞིབ་འཇུག་གིས་བྱེ་བྲག་ནས་སྤྱི་ཡོངས་དང་། རིག་གཞུང་སྣ་གཅིག་ལ་ཞིབ་འཇུག་བྱེད་པ་ནས་ཕྱོགས་བསྡུས་ཞིབ་འཇུག་བྱེད་པ། རྒྱལ་ནང་གི་མཉམ་ལས་ནས་རྒྱལ་སྤྱིའི་མཉམ་ལས་བཅས་སུ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལག་ལེན་བྱས་པ་དང་། ད་ལྟ། ཆུ་ཚད་ཅུང་མཐོ་བའི་ཚན་རིག་ཞིབ་འཇུག་གི་ནུས་ཤུགས་ཆགས་ཡོད་ལ། ཅུང་ཆ་ཚང་བའི་སྐྱེ་ཁམས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་ཡོངས་འགྲུབ་བྱས་ཡོད། མདོ་དབུས་མཐོ་སྒང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད། ཚན་རྩལ་གྱིས་སྔར་ལས་གལ་ཆེ་བའི་འདེགས་སྐྱོར་གྱི་བྱེད་ནུས་འདོན་སྤེལ་བྱེད་བཞིན་ཡོད།

རྒྱུགས་ཆེ་བའི་ཚན་རྩལ་རུ་ཁག་དང་ཚན་རྩལ་གྲུབ་འབྲས།

ཀྲུང་གོའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ནས་བཟུང་། མདོ་དབུས་མཐོ་སྒང་གི་ས་ཁུལ་ཁ་ཤས་སུ་དུས་ཡུན་ཐུང་བ་དང་ཁྱབ་ཁོངས་ཆུང་བའི་ཚན་རིག་རྟོག་ཞིབ་བྱས། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་མགོ་དང་ལོ་རབས་བརྒྱད་ཅུའི་མཇུག་ཏུ། མུ་མཐུད་དུ་གཞི་རྒྱ་ཆེ་བའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱས་པ་དང་། ཡིག་འབྲུ་ས་ཡ་ལྷག་ཡོད་པའི་ཚན་རིག་རྟོག་ཞིབ་ཀྱི་རྒྱུ་ཆ་ཐོག་མ་ཡོད་པར་གྱུར་ལ། ཆེད་རྩོམ་ཞེ་གསུམ་འདུས་པའི《མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་དཔེ་ཚོགས》པར་བསྐྲུན་བྱས་པ་དང་། དེ་ནི་མདོ་དབུས་མཐོ་སྒང་གི་རིག་གནས་ཀུན་བཏུས་དཔེ་དེབ་ཐོག་མ་རུ་གྱུར། 1978ལོའི་རྒྱལ་ཡོངས་ཚན་རིག་ཚོགས་ཆེན་གྱི་སྟེང་། ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟེངས་བསྟོད་གནང་། “མདོ་དབུས་མཐོ་སྒང་གི་འབུར་དུ་ཐོན་པའི་རང་བྱུང་ཁོར་ཡུག་དང་མིའི་རིགས་ཀྱི་བྱ་འགུལ་ཤུགས་རྐྱེན་ཕྱོགས་བསྡུས་ཞིབ་འཇུག”ལ1987ལོར་རྒྱལ་ཡོངས་རང་བྱུང་ཚན་རིག་གི་བྱ་དགའ་ཨང་དང་པོ་ཐོབ། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ཚུན་ལ། མདོ་དབུས་མཐོ་སྒང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ས་ཁོངས་ཀྱི་ཐོན་ཁུངས་འོས་འཚམ་སྒོས་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་བཅོས་སྐྱོང་བྱེད་པ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་སོགས་ཞིབ་འཇུག་བྱ་བ་སྤེལ་བ་མ་ཟད། མདོ་དབུས་མཐོ་སྒང་གི་འགྱུར་ལྡོག་དང་ཤུགས་རྐྱེན་སོགས་ཀྱི་ཚན་རིག་གནད་དོན་ལ་འབྲེལ་ཡོད་རིག་གཞུང་གི་མ་ལག་ཞིབ་འཇུག་བྱས། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཚན་རྩལ་འདེགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཆུ་དང་སྐྱེ་ཁམས། མིའི་རིགས་ཀྱི་བྱ་འགུལ་གཅིག་བསྡུས་བྱས་ཏེ། ནུས་ཤུགས་ཡོད་དགུས་མདོ་དབུས་མཐོ་སྒང་གི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་གནོད་སྐྱོན། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱས།

ལོ་ངོ་དྲུག་ཅུའི་རིང་ལ། ཀྲུང་གོ་ཚན་རིག་གླིང་གཙོར་ཡིན་པའི་ཚན་རྩལ་རུ་ཁག་གིས་མདོ་དབུས་མཐོ་སྒང་གི་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་ཐད་གསར་གཏོད་རང་བཞིན་གྱི་ཚན་རིག་གྲུབ་འབྲས་མང་པོ་བླངས། དཔེར་ན། ཡོན་ཧྲི་ལིག་ཏུང་ཧྲིན་གྱིས་མདོ་དབུས་མཐོ་སྒང་དུ་ཨེ་ཤ་ཡ་ཤར་མའི་དུས་རླུང་གི་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པའི་རྨང་གཞིའི་སྟེང་། ནམ་ཟླའི་ཚན་རིག་གཞུང་ལུགས་གསར་དུ་བསྐྲུན། ཡོན་ཧྲི་ཡེ་ཏུའུ་ཀྲིན་གྱིས་མདོ་དབུས་མཐོ་སྒང་གི་དབྱར་དུས་ཀྱི་ཚ་ཤུགས་འབྱུང་སའི་ལྟ་བ་བཏོན་ཏེ། ས་གཞིའི་ཚ་ཤུགས་བྱེད་ནུས་ཞིབ་འཇུག་གསར་གཏོད་བྱས་པ་དང་། མདོ་དབུས་མཐོ་སྒང་གི་གནམ་གཤིས་རིག་པ་གསར་བསྐྲུན་བྱས། གསར་བསྐྲུན་གྱི་གྲུབ་འབྲས་དེ་དག་གིས་འབྲེལ་ཡོད་རིག་གཞུང་ཚན་ཁག་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དང་། ས་ཁོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཁྲོད་ཚན་རྩལ་འདེགས་སྐྱོར་གྱི་བྱེད་ནུས་འདོན་སྤེལ་བྱས།

མིག་སྔར། ཀྲུང་གོ་རུ་གསོག་འཇོག་ཧ་ཅང་མང་བ་དང་། རིག་གཞུང་ཚན་ཁག་གི་སྒྲིག་ཆས་ཆ་ཚང་བ། རྒན་དར་གཞོན་གསུམ་ཟུང་འབྲེལ་བྱས་ཏེ་ལས་གཉེར་བྱེད་བཞིན་པའི་མདོ་དབུས་མཐོ་སྒང་ཞིབ་འཇུག་གི་ཚན་རྩལ་རུ་ཁག་ཞིག་ཡོད་པ་དང་། དེའི་ཁྲོད་དུ་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་བཞི་བཅུ་ལྷག་ཡོད་ལ། “མི་སྟོང་ཚུད་པའི་འཆར་གཞི”དང“མི་ཁྲི་ཚུད་པའི་འཆར་གཞི”ཡི་ཁྲོད་བདམས་ཐོན་བྱུང་བའི་མི་བརྒྱ་ལྷག་དང་། རྒྱལ་ཁབ་ཀྱི་ཕུལ་བྱུང་ན་གཞོན་གྱི་ཐེབས་རྩ་ཐོབ་མཁན་སོགས་སྣེ་ཁྲིད་འཇོན་མི་སོགས་འདུ། དེའི་ཁྲོད། ལིག་ཏུང་ཧྲིན་དང་ཡེ་ཏུའུ་ཀྲིན། བུའུ་ཀྲིན་ཡུས་བཅས་ལ2003ལོ་དང2005ལོ། 2007ལོར་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ། སུང་ཧོང་ལེ་ལ2009ལོར“ཨེ་ཐའོ་ལི﹒མཱ་ཡོ་ལ་ནཱ-དབྱི་ལི་སི་ཚན་རིག་ཞི་བདེ་རྟགས་མའི”བྱ་དགའ་ཐོབ། ཡའོ་ཐན་ཏུང་ལ2017ལོར“སུའེ་ཏེན་མིའི་རིགས་ཀྱི་རིག་པ་དང་ས་ཁམས་རིག་པའི་བེ་ཅཱ་རྟགས་མའི”བྱ་དགའ་ཐོབ། ཁོ་ཚོས་མདོ་དབུས་མཐོ་སྒང་གི་ཞིབ་འཇུག་གྲུབ་འབྲས་ཀྱི་མཚན་སྙན་རྒྱལ་སྤྱིའི་སྟེང་ཁྱབ་ཡོད།

ཉིན་རེ་བཞིན་འཐུས་ཚང་དུ་འགྱུར་བཞིན་པའི་སྐྱེ་ཁམས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱ་ཆེད། ཀྲུང་གོས་ཅུང་འཐུས་ཚང་ཡིན་པའི་ལྟ་ཞིབ་མ་ལག་བཙུགས་པ་དང་། དེའི་ཁྲོད་ཀྲུང་གོའི་སྐྱེ་ཁམས་མ་ལག་ཞིབ་འཇུག་དྲ་བ་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་ས་ངོས་གོ་རིམ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དྲ་བ། དེ་མིན་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ས་ཁོངས་བདག་ཁོངས། ཞིང་ལས། ནགས་ལས། ཆུ་བེད། ནམ་ཟླ་སོགས་ཆེད་ལས་ལྟ་ཞིབ་དྲ་བ་སོགས་འདུ་ལ། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཀྱི་ཉེན་བརྡའི་མ་ལག་ཆགས། ཀྲུང་གོའི་སྐྱེ་ཁམས་མ་ལག་ཞིབ་འཇུག་དྲ་བས་མདོ་དབུས་མཐོ་སྒང་དང་ཉེ་འགྲམ་གྱི་ནགས་ཚལ་དང་རྩྭ་ས། ཞིང་ས། ས་རྒོད་སོགས་སྐྱེ་ཁམས་མ་ལག་མི་འདྲ་བའི་རིགས་སྣ་བརྒྱད་ལ་ལྟ་ཞིབ་ཚད་ལེན་བྱས་པ་ཡིན་ལ། མཐོ་སྒང་སྐྱེ་ཁམས་མ་ལག་འགྱུར་ལྡོག་ལ་དུས་ཡུན་རིང་བོའི་ནང་གནས་གཏན་འཁེལ་བྱས་ཏེ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་དང་། སྐྱེ་ཁམས་མ་ལག་དང་ཁོར་ཡུག་རྒྱུ་རྐྱེན་གྱི་འགྱུར་ལྡོག་ཆོས་ཉིད་དང་རྒྱུ་རྐྱེན་མཚོན་པར་བྱས་ཡོད། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་ས་ངོས་བརྒྱུད་རིམ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དྲ་བས་མདོ་དབུས་མཐོ་སྒང་གི་ས་ངོས་ཁོར་ཡུག་འགྱུར་ལྡོག་བརྒྱུད་རིམ་ལ་མུ་མཐུད་དུ་ལྟ་ཞིབ་ཚད་ལེན་བྱེད་པ་མངོན་འགྱུར་བྱས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་སུ། ནམ་གཤིས་སྡེ་ཁག་གིས་མདོ་དབུས་མཐོ་སྒང་དུ་རབ་གསར་བའི་ནམ་གཤིས་ལེ་ཏ་དགུ་གསར་དུ་བཙུགས་པ་དང་། བར་སྣང་གི་གནམ་གཤིས་བརྟག་དཔྱད་ས་ཚིགས་བཅོ་བརྒྱད། རྒྱལ་ཁབ་རིམ་པའི་ས་ངོས་གནམ་གཤིས་བརྟག་དཔྱད་ས་ཚིགས་བརྒྱ་དང་ཉེར་གསུམ། ས་ཁོངས་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚིགས་སྟོང་གཅིག་དང་སུམ་བརྒྱ་རེ་གཅིག རླུང་སྤྲིན་གྱི་གནམ་གཤིས་འཁོར་སྐར་གསུམ་རིམ་བཞིན་འཕེན་གཏོང་བྱས་པས། གནམ་གཤིས་བརྟག་དཔྱད་ཚོད་ལྟའི་ས་ཚིགས་ཀྱི་དྲ་བ་ཇེ་ལེགས་དང་འཐུས་ཚང་དུ་བཏང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མིག་སྔར་རྒྱལ་ཁབ་ས་ངོས་ཀྱི་ཆུ་དཔྱད་ཞིབ་བཅད་ངོས་ཉེར་གཉིས་དང་བཅུ་དགུ རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་བཅོ་བརྒྱད་དང་བཅུ་གཅིག ས་ཁོངས་གཙོ་བོ་སྐོར་ཞིག་ལ། དཔེར་ན་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ། འབྲེལ་ཡོད་སྡེ་ཁག་གིས་འཁོར་སྐར་དང་འཕྲུལ་ཆས། ས་ངོས་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་མ་ལག་བཙུགས་པ་དང་། ས་ཁོངས་དེའི་དུས་ཚོད་ཀྱི་གོ་རིམ་ཆེས་རིང་བ་དང་། གཞི་གྲངས་ཀྱི་སྣ་ཆེས་མང་པོའི་སྤུས་ཚད་མཐོ་བའི་གཞི་གྲངས་མཛོད་བཙུགས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་ཚང་དུ་བཙུགས་པ་དང་གཞི་གྲངས་ཀྱི་སྤུས་ཚད་ཇེ་མཐོར་སོང་བས། ཁོར་ཡུག་དོ་དམ་ཆུ་ཚད་དང་ཕན་འབྲས་མཐོར་འདེགས་ཆེན་པོ་འབྱུང་བར་ཡར་སྐུལ་བྱས།

ཚན་རྩལ་འདེགས་སྐྱོར་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་སུ་བཏང་བ།

མདོ་དབུས་མཐོ་སྒང་གི་དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད། ཚན་རྩལ་འདེགས་སྐྱོར་གྱི་བྱེད་ནུས་ཉིན་རེ་བཞིན་གསལ་པོར་མངོན་ཡོད།

མཚོ་བོད་ལྕགས་ལམ་གྱི་འཛུགས་སྐྲུན་དང་འཁོར་སྐྱོད་ཚོང་གཉེར་ནི་ཚན་རྩལ་གསར་སྐྲུན་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་རེད། མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་བརྒྱ་དང་ཞེ་གཉིས་ཡོད་པ་དང་། བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་ས་འཁྱག་ཡིན་པ་དང་། གྲང་ངར་ཆེ་ལ་དབྱང་དབུག་དཀོན་པ། སྐྱེ་ཁམས་ཉམས་ཞན་བཅས་འཛམ་གླིང་རང་བཞིན་གྱི་བཟོ་སྐྲུན་དཀའ་གནད་ཆེན་པོ་གསུམ་ལ་འཕྲད་ཡོད། ན་གོར་མོ་ནས་ལྷ་སའི་བར་དུ་ལོ་མང་པོའི་རིང་དར་འཁྱག་ཏུ་སོང་བ་ས་ཆ་སྤྱི་ལེ་ལྔ་བརྒྱ་ཞེ་དྲུག་དང་གྲངས་ཆུང་བཞི་ཡོད་པ་དང་། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་མང་པོ་དང་ཚན་རྩལ་གྲུབ་འབྲས་གཞིར་བཟུང་ན། ཚན་རྩལ་མི་སྣས་ཟམ་པས་ལམ་གྱི་ཚབ་བྱེད་པ་དང་། རྡོ་ལེབ་ལམ་གྱི་རྨང་གཞི་བྱས་ཏེ་རླུང་རྒྱག་ཐུབ་པ་དང་། རླུང་རྒྱག་ཐུབ་པའི་སྦུ་གུ་ལམ་གྱི་རྨང་གཞི་བྱེད་པ། ལམ་འགྲམ་དུ་རྡོ་ཟེགས་དང་རྡོ་ལེབ་བསྒྲིགས་ནས་སྲུང་སྐྱོབ་བྱེད་པ། དྲོད་ལྡན་ལྕགས་སྡོང་དང་དྲོད་འཛིན་པང་ལེབ། ཆུ་ལོག་འགོག་པའི་སྒྲིག་ཆས་ཆ་ཚང་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པས། ལྕགས་ལམ་འཛུགས་སྐྲུན་ལ་འགན་སྲུང་བྱས། མཚོ་བོད་ལྕགས་ལམ་ཨ་ཆེན་གངས་རྒྱབ་དང་གཙང་གསུམ་འབྱུང་ཡུལ། དུག་མཚོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མང་པོ་བརྒྱུད་ཡོད་པ་དང་། རི་དྭགས་གཙོད་སོགས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད། ལྕགས་ལམ་གྱི་རིང་ཐུང་དུ་རི་སྐྱེས་སྲོག་ཆགས་ཆེད་བགྲོད་ལམ་སོ་གསུམ་བཙུགས་ཡོད། ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད། བྱེ་མའི་གནོད་པ་བཅོས་སྐྱོང་དང་། སྡོང་བོ་འཛུགས་པ་དང་རྩྭ་བཏབ་ནས་ལྗང་བསྒྱུར་བྱེད་པ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་ལག་བསྟར་བྱས། མཚོ་བོད་ལྕགས་ལམ་འགྲུབ་ནས་འཁོར་སྐྱོད་ཚོང་གཉེར་བྱེད་མགོ་བརྩམས་རྗེས། ལྕགས་ལམ་འགྲམ་གཉིས་ཀྱི་སྐྱེ་ཁམས་ལ་མུ་མཐུད་དུ་སླར་གསོ་ཐོབ་པ་དང་། ས་ཁོངས་ཁ་ཤས་ཉེ་འགྲམ་གྱི་རང་བྱུང་གནས་ཚུལ་སྔར་ལས་ལེགས་པོར་གྱུར་ཡོད། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དེ་རྒྱལ་སྤྱིའི་སྟེང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད། སྲིད་གཞུང་གི་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཨུ་ཡོན་ཚོགས་འདུ་ཐེངས་བཞི་བ་དང་ལྔ་བའི《གནམ་གཤིས་འགྱུར་ལྡོག་དཔྱད་འཇོག་སྙན་ཞུ》ལས་ངོས་འཛིན་བྱས་པ་ལྟར་ན། མཚོ་བོད་ལྕགས་ལམ་གྱིས་རྒྱལ་ཁབ་གཞན་དག་དང་ས་ཁུལ་འཛུགས་སྐྲུན་ལ་གནམ་གཤིས་འགྱུར་ལྡོག་གི་ལྗང་བསྒྱུར་ལྕགས་ལམ་གྱི་ལེགས་འགྲུབ་དཔེ་མཚོན་འདོན་སྤྲོད་བྱས། ཨ་མེ་རི་ཁའི《ཚན་རིག》དུས་དེབ་སྟེང2007ལོའི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་བཀོད་པ་ལྟར་ན། མཚོ་བོད་ལྕགས་ལམ་གྱིས་ཀྲུང་གོའི་ནུབ་ཕྱོགས་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ཇེ་མཐོར་གཏོང་སྲིད་པར་མ་ཟད། སྐྱེ་ཁམས་ཀྱི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་སྲིད། “མཚོ་བོད་ལྕགས་ལམ་བཟོ་སྐྲུན”ལ2008ལོའི་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའི་ཁྲོད་རྩེར་སོན་བྱ་དགའ་ཐོབ།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཇེ་ཞན་དུ་གྱུར་བ་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད། ཚན་རིག་ལག་རྩལ་གྱིས་སྟོབས་ལྡན་གྱི་འདེགས་སྐྱོར་བྱེད་ནུས་འདོན་སྤེལ་བྱས། གཙང་གསུམ་འབྱུང་ཡུལ་གྱི“ས་ནག་ཐང”གི་རྩྭ་ས་སླར་གསོའི་ལག་རྩལ་གྱིས“ས་ནག་ཐང”བཅོས་སྐྱོང་ཐད་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་བ་དང་། འབྲེལ་ཡོད་ཚན་རྩལ་གྲུབ་འབྲས་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། ཕྱུགས་རྩྭ་ལ་སྔོན་གྱི་ཕྱུགས་རྩྭའི་སྟེང་འདེབས་འཛུགས་ལག་རྩལ་བཀོལ་སྤྱོད་བྱས་པས། ཞན་འགྱུར་རྩྭ་ས་བཅོས་སྐྱོང་དང་མིས་རྩྭ་འདེབས་པ་སོགས་ལ་སྤུས་ཀ་ལེགས་པའི་རྩྭ་འདོན་སྤྲོད་བྱས།

བོད་སྨན་ནི་མཐོ་སྒང་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། མདོ་དབུས་མཐོ་སྒང་གི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་སྟོབས་ཐོན་ཁུངས་གལ་ཆེན་ཞིག་ཀྱང་རེད། བོད་སྨན་ཚད་ལྡན་ཅན་དང་དེང་རབས་ཅན། ཐོན་ལས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱེད་པར་ཡར་སྐུལ་བྱ་ཆེད། ཚན་རྩལ་སྡེ་ཁག་གིས་ནུས་ཤུགས་ཡོད་དགུས་བོད་སྨན་རྒྱུ་ཆ་དང་མིས་འདེབས་འཛུགས་བྱེད་པ། རི་སྐྱེས་སྲོག་ཆགས་གསོ་སྤེལ་བྱེད་པ་སོགས་ལ་སྐུལ་འདེད་བྱས་ཏེ། གཙོ་བོར་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་བྱེད་པ། ཧུར་ཐག་གིས་བོད་སྨན་གྱི་རྨང་གཞི་དང་བཀོལ་སྤྱོད་ཞིབ་འཇུག་བྱ་བ་སྤེལ་ལ། བོད་སྨན་ཚད་ལྡན་དང་ཞིབ་བཤེར་ཚད་ལེན་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་། ནད་ཡམས་སྔོན་འགོག་དང་སྨན་རྫས་གསར་སྤེལ། ལུས་ཁམས་བདེ་སྲུང་སོགས་ཀྱི་ཁྱབ་ཁོངས་སུ་རྣམ་པ་གསར་བའི་ཁེ་ལས་སྐོར་ཞིག་གསར་སྐྲུན་བྱས་པ་དང་། བོད་སྨན་མིང་གྲགས་ཅན་གྱི་ཐོན་རྫས་རབ་དང་རིམ་པ་གསར་བཟོ་བྱས།

ལོ་ཙཱ་བ། ཤ་བོ་རིན་མཚོ།