མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ། ༼ ཁག་བཞི་བ།༽
2018.08.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 42

བཞི། ལྗང་མདོག་ཐོན་ལས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པ།

སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ལ་སྲུང་སྐྱོབ་བྱེད་པར། མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་ལྗོངས་སོ་སོས་ཧུར་ཐག་སྒོས་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་བྱེད་པའི་ཤུགས་ཚད་ཚོད་འཛིན་བྱས་ཏེ། ཁོར་ཡུག་གི་སྤུས་ཚད་བཟང་བོ་རྒྱུན་འཁྱོངས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཀྱིས་སྤྱི་དམངས་ཀྱི་ཡིད་ཚིམ་པར་བྱས་པ་དང་བསྟུན། ནུས་ཡོད་སྒོས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས། མིག་སྔར། མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་ལྗོངས་སོ་སོས་འཁོར་སྐྱོད་དཔལ་འབྱོར་དང་། སླར་སྐྱེ་ནུས་ཁུངས། ཁྱད་ལྡན་ཐོན་ལས་གཙོ་བོ་ཡིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མར་བཙུགས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་བསྟུད་མར་ཇེ་མཐོར་ཕྱིན།

ལྗང་མདོག་ཐོན་སྐྱེད་ལ་ཐོག་མའི་གཞི་ཁྱོན་ཆགས་པ།

མདོ་དབུས་མཐོ་སྒང་གི་དཔལ་འབྱོར་འཕེལ་རྒྱས་དེ་སྐྱེ་ཁམས་ཁོར་ཡུག་བཟང་བ་དང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་ལམ་དུ་ཞུགས་པར་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་ཆགས་པར་བྱས།

རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་དུ་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་ཀྱི་རྒྱལ་ཁབ་རིམ་པའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཐོན་ལས་གླིང་གཉིས་བཙུགས། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་དུ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། རླངས་སྣུམ་རྫས་འགྱུར་བཟོ་ལས། ལྕགས་རིགས་བཙོ་སྦྱངས། རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ། ཁྱད་ལྡན་སྐྱེ་དངོས་སོགས་ཀྱི་ཐོན་ལས་རྣམ་པ་ཆགས་ཡོད་པས། གླིང་ཁུལ་ཐོན་ཁུངས་ལེགས་བསྡུས་བཀོལ་སྤྱོད་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་སྟེ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་མདོག་ལྡན་ལྕགས་རིགས་དང་རྫས་འགྱུར་བཟོ་ལས། མཐོ་སྒང་གི་སྐྱེ་དངོས་ཐོན་རྫས། ཀྲུང་སྨན་དང་བོད་སྨན། བོད་ཀྱི་ས་གདན་འཁེལ་འཐག་སོགས་ཀྱི་ཐོན་ལས་གཞི་རྩའི་སྟེང་ཆགས་པར་བྱས་ཡོད་པས། གླིང་ཁུལ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་པ་དང་། དཔེ་སྟོན་སྣེ་ཁྲིད་ནུས་པ་མངོན་གསལ་སྒོས་མངོན་ཡོད། ཤུགས་ཆེན་པོས་རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། ལྗང་མདོག་ཐོན་ལས་ཀྱི་སྒྲོམ་གཞི་ཐོག་མར་འཛུགས་སྐྱོང་བྱས་ཏེ། ཐོན་ལས་འབྲེལ་ཐག་རྒྱུན་ཆད་མེད་པར་རྒྱུན་བསྲིངས་དང་རྨང་གཞིའི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་གྱུར།

བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་གྲུབ་ཚུལ་ལེགས་འགྱུར་རིམ་སྤོ་ཇེ་མགྱོགས་སུ་བཏང་བ་དང་། ༼བོད་རང་སྐྱོང་ལྗོངས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་འཆར་གཞི(2013——2020ལོའི་བར)༽གཏན་འབེབས་བྱས། ཤུགས་ཆེན་པོས་ནུས་ཁུངས་གཙང་མ་དང་ཡུལ་སྐོར། རིག་གནས། ཁྱད་ལྡན་ཟས་རིགས། རང་བྱུང་འཐུང་ཆུ། དེ་མིན་དངོས་ཟོག་སྐྱེལ་འདྲེན། ཚོང་ཟོག་འཁོར་རྒྱུགས། དངུལ་རྩ། བརྡ་འཕྲིན་ཞབས་ཞུ་སོགས་ལྗང་མདོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་། 2016ལོར། ལྷ་ས་གྲོང་ཁྱེར་རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་གྱི་གྲས་སུ་ཚུད་པ་དང་། མིག་སྔར་རྒྱལ་ཁབ་ཀྱིས་ཞུས་བཤེར་གཏན་འབེབས་བྱས་པའི༼བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ལག་བསྟར་ཇུས་གཞི༽ལྟར། ཚོད་ལྟའི་དཔེ་སྟོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས།

ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་ཐོན་ཁུངས་ཀྱི་བཟང་ཆར་བརྟེན་ནས་ཟས་རིགས་དང་སྨན་རྫས། བཏུང་བ། གཟིགས་རྟེན་དངོས་རྫས་སོགས་ཀྱི་ལས་གཞི་ཆེན་མོ་བཞི་དང་ལྗང་མདོག་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་དངོས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་པར་བྱས། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་ས་ཁོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་གཏན་གནས་ལྟར། “སྐྱེ་ཁམས་ཁུལ”གྱི་འཐབ་ཇུས་གཏན་འཁེལ་བྱས་པ་དང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོ་བྱས།

ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་དགེ་མཚན་མངོན་པར་བྱས།

མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་ཁྱད་ལྡན་ཞིང་ཕྱུགས་ལས་དང་ལྗང་མདོག་གསོ་སྤེལ། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གྲགས་ཅན་བཅས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། སྐྱེ་ཁམས་ཞིང་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས། ཁྱད་ལྡན་ཞིང་ཕྱུགས་ལས་དེ་མདོ་དབུས་མཐོ་སྒང་གི་ལྗང་མདོག་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

2004ལོའི་ཚུན་དུ། རྒྱལ་ཁབ་ཀྱིས་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་སུམ་བཅུ་ལྷག་བཏང་སྟེ། བོད་ལྗོངས་སུ་ནས་དང་ནོར་གནག བོད་སྨན་སོགས་རིགས་བཅུ་ལྷག་དང་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་ལས་གཞི་བཞི་བརྒྱ་ལྔ་བཅུ་ལྷག་ལག་བསྟར་བྱས་པ་དང་། སྣེ་ཁྲིད་ཁེ་ལས་བརྒྱ་ལྷག་སྐྱེད་སྲིང་བྱས་ནས། རོང་འབྲོག་པའི་ཡོང་འབབ་སྒོར་དུང་ཕྱུར་བཅུ་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ལ་འཕར་བ་མངོན་འགྱུར་བྱས་ཏེ། མི་གྲངས་ས་ཡ་གཅིག་དང་འབུམ་བདུན་ཁྲི་ལྔ་སྟོང་བཞི་ལ་ཕན་ཁེ་ཐོབ། བོད་རང་སྐྱོང་ལྗོངས་ཀྱིས་ས་ཁམས་རྟགས་མཚན་ཐོན་རྫས་བདེན་དཔང་ར་སྤྲོད་ལ་སྐུལ་འདེད་བཏང་ནས། ཁྱད་ལྡན་ཐོན་རྫས་གྲགས་ཅན་སྐྱེད་སྲིང་དང་། ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་། མིག་སྔར་ཕག་རིའི་ནོར་དང་གམ་པ་ལུག ལྷུན་རྩེའི་ནས་ནག རྫ་ཡུལ་ཁམ་བུ། སྤོ་བོའི་སྡོང་ཕུང་སོགས་ཞིང་ཕྱུགས་ལས་ས་ཁམས་རྟགས་མཚན་སྲུང་སྐྱོབ་ཐོན་རྫས་བཅུ་ལྷག་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་ངོས་འཛིན་ཐོབ།

མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་འབྲུ་སྣུམ་འདེགས་འཛུགས་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ། ཤིང་ཏོག་དང་སྔོ་ཚལ། འཕང་འབྲས་བཅས“དུང་ཕྱུར་བརྒྱ་ཅན་བཞིའི”ཐོན་ལས་བཙུགས། འདེབས་འཛུགས་ལས་རིགས“འབྲུ་དཔལ་གཟན”གསུམ་གྱི་གྲུབ་ཚུལ་མགྱོགས་མྱུར་སྒོས་ལེགས་སྒྱུར་བྱས་ཏེ། རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བརྟན་འཇགས་ངང་སྐུལ་འདེད་དང་། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཐོན་ལས་གླིང་མགྱོགས་མྱུར་སྒོས་བཙུགས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”འི་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་ཞིང་ཕྱུགས་རྭ་སྟོང་གཅིག་བརྒྱད་བརྒྱ་དོན་དགུ་རུ་འཕེལ་བ་དང་མཉམ་ལས་ཁང་སྣ་ཚོགས་སྟོང་བརྒྱད་དང་བརྒྱད་བརྒྱ་དོན་དྲུག་ཏུ་འཕེལ། ཞིང་ཕྱུགས་ལས་ཀྱི་སྣེ་ཁྲིད་ཁེ་ལས་བཞི་བརྒྱ་ང་གཅིག་སྐྱེད་སྲིང་བྱས། ཁྱད་ལྡན་ལོ་ཏོག་འདེབས་འཛུགས་ཀྱི་བསྡུར་གྲངས་བརྒྱ་ཆའི་གྱ་ལྔར་སླེབས་པ་དང་། ཞིང་ལས་ལོ་ཏོག་དང་སྒོ་ཕྱུགས། ཆུའི་ཐོན་རྫས་ལེགས་ཤོས་ཀྱི་ཁྱབ་ཚད་སོ་སོར་བརྒྱ་ཆའི་གོ་དྲུག་དང་བརྒྱ་ཆའི་རེ་གཉིས། བརྒྱ་ཆའི་གོ་ལྔ་བཅས་སུ་སླེབས། སྤྱི་གནོད་མེད་པ་དང་ལྗང་མདོག་ལྡན་པ། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལོ་རེའི་ཐོན་སྐྱེད་སྤྱིའི་བསྡོམས་འབོར་ཏུན་ས་ཡ་གཅིག་དང་ཁྲི་དགུ་རུ་སླེབས་ཤིང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཁུངས་འདེད་བྱེད་པའི་མ་ལག་ཐོག་མར་ཆགས། ཤར་ཕྱོགས་ཀྱི་ཁྱད་ལྡན་འདེབས་གསོའི་ནུས་པ་ཆེ་བའི་དཔེ་སྟོན་ཁུལ་དང་མཚོ་སྐོར་ཞིང་ཕྱུགས་རེས་འཁོར་འཕེལ་རྒྱས་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་སྔོན་སྐྱོད་ཁུལ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་འཚམ་ཚད་གསར་སྤེལ་རྒྱུད་ཀྱི“ཁུལ་གསུམ་དང་རྒྱུད་གཅིག”གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཆགས་སྟངས་ཐོག་མར་གྲུབ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་བོད་ཁུལ་ནས་ཀྱི་རྟེན་གཞི་དང་ཐོན་ལས་ཅན་གྱི་ལས་གཞི། མཐོ་སྒང་གི་སྤུས་ལེགས་སྣུམ་ཚལ། མཐོ་སྒང་གི་ཀྲུང་སྨན་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་ལག་བསྟར་བྱས་ཏེ། མགྱོགས་མྱུར་སྒོས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་དཔལ་འབྱོར་ནགས་སིལ་ལས་རིགས། ནགས་ཁྲོད་ཐོན་ལས་བཅས་འཕེལ་རྒྱས་སུ་བཏང་། ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལདང་རྔ་བ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་གཉིས་ཟུང་དུ་སྦྲེལ་ཏེ། ཁྱད་ལྡན་ཞིང་ཕྱུགས་ལས་དང་ཁྱད་ལྡན་ནགས་སིལ་ལས་རིགས“མུའུ་ཁྲི་བརྒྱ་ཅན་གཉིས”ཀྱི་ཐོན་ལས་རྟེན་གཞི། དེ་མིན་ཡེར་མ་དང་ནགས་ཚལ། ཤིང་རྒྱུད་སྨན་རྒྱུ་སོགས་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱས། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་དགུ་ལྷག་ལ་བུད་དེ། 2017ལོའི་ཐོན་རིན་སྒོར་དུང་ཕྱུར་བཅུ་དགུ་ལ་སླེབས།

ལྗངས་མདོག་ནུས་ཁུངས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ།

མདོ་དབུས་མཐོ་སྒང་གིས་ཕུན་སུམ་ཚོགས་པའི་ཆུ་ནུས་དང་ཉི་འོད་ནུས་པ། ས་འོག་ཚ་ནུས་བཅས་ནུས་ཁུངས་གཙང་མ་སྤྱོད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་གཞི་རྩའི་ཆ་ནས་ཆུ་གློག་དང་ཉི་འོད་ནུས་པ་གཙོ་བོ་ཡིན་པའི་སླར་སྐྱེ་ནུས་ཁུངས་ཀྱི་ཐོན་ལས་མ་ལག་འགྲུབ་པར་བྱས་ཏེ། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐུན་སྦྱོར་སྐུལ་འདེད་ལ་འགན་སྲུང་བྱས།

ལོ་ཙཱ་བ། རྟ་མགྲིན་སྐྱབས།