ཡུས་ཧྲུའུ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པར་བསྐྱོད་པ།
2018.08.20 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

བརྗིད་ཆགས་མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཡུལ་ལྗོངས་དང་རྫོང་མཐུག་ལ་ཡུན་རིང་བའི་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལྡན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་གང་ལྟ་བུ་ཞིག་ལ་བསྐྱོད་ན་འོས་སམ་ཞེ་ན།

དྲིས་པ་འདིར་ཡུས་ཧྲུའུ་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་འ་ཞ་གཡང་དཔལ་གྱིས་ལན་བཏབ་པ་སྟེ། “སྐྱེ་ཁམས་ཐོན་ཁུངས་ཀྱི་གདོད་མའི་རང་བཞིན་དང་ཁྱད་ཆོས་ལ་ཡུལ་སྐོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཚོང་ཁྲོམ་གྱི་དགོས་མཁོ་ནས་མགོ་རྩོམ་པ་དང་། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འདུ་ཤེས་ཀྱིས་ཡུས་ཧྲུའུ་ཡུལ་སྐོར་ཐོན་རྫས་ཀྱི་གསར་གཏོད་དང་བཀོད་སྒྲིག་ལ་གཅིག་གྱུར་བཀོད་འདོམས་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་གྱི་འཕེལ་རྒྱས་ཉམས་མྱོང་ལ་མིག་དཔེར་བལྟས་ནས། ཡུས་ཧྲུའུ་ཁུལ་དེ་ཀྲུང་གོའི་ཡུས་ཧྲུའུ་ཁོ་ནར་མངའ་བའི་གཙང་པོ་འབྱུང་ཡུལ་གྱི་ཡུལ་སྐོར་བྱ་ཡུལ་དང་དཔེ་སྟོན་རང་བཞིན་གྱི་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དུ་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ལྷོ་ཕྱོགས་ཀྱི་ཡུལ་སྐོར་དཔལ་འབྱོར་འཕར་གནས་དང་། ཀྲུང་གོའི་ཁམས་པ་རིག་གནས་མཚོན་ཁུལ་དང་རོལ་མྱོང་ཁུལ། སྐམ་སའི་སྟེང་གི་དར་གོས་གནའ་ལམ་ལྷོ་ལམ་སྟེང་གི་ཡུལ་སྐོར་རིག་གནས་ལྷུ་ཚིགས་གནས་གཙོ་བོ། འཛམ་གླིང་སྟེང་གི་ཕུལ་བྱུང་གི་བོད་རིག་གནས་དང་མཐོ་སྒང་སྐྱེ་ཁམས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་དུ་ཆགས་སུ་འཇུག་རྒྱུ”ཡིན་ཟེར།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཡིན་ཞིང་ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བར་གནས་པའི་ཡུས་ཧྲུའུ་ཁུལ་ནི་རྒྱ་ཁྱོན་གྱི་ཁུལ་ཆེན་དང་མི་འབོར་གྱི་ཁུལ་ཆུང་ཞིག་ཡིན་པས་ན། འཕེལ་རྒྱས་ཀྱི་གནད་དོན་བཟང་པོར་ཇུས་འགོད་བྱེད་པ་དང་།ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ་འགག་གཏོར་བྱ་ཡུལ་དུ་བརྩི་དགོས།སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བླང་བྱ་གསར་པར་དམིགས་ན། ཡུལ་སྐོར་ལས་རིགས་ནི་ཡུས་ཧྲུའུ་ཡི་བསྟུད་མར་འཕེལ་འཐུས་པའི་འཕེལ་རྒྱས་ཀྱི་སྦས་ཤུགས་ཐོན་ལས་དང་། ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་ཐུབ་པའི་བདེ་སྐྱིད་ཐོན་ལས། ཡུས་ཧྲུའུ་ཡི་འགྲན་རྩོད་སྟོབས་ཤུགས་མཚོན་ཐུབ་པའི་ལེགས་ཆའི་ཐོན་ལས། ཡུས་ཧྲུའུ་ཡི་མ་འོངས་པ་ལས་རྒྱལ་ཐུབ་པའི་རེ་བའི་ཐོན་ལས་བཅས་ཡིན།

“ང་རང་ཡུས་ཧྲུའུ་ལ་ངོ་མ་དགའ། ཡུལ་དེ་ནི་ངོ་མཚར་ལྡན་ལ་མི་རིགས་ཀྱི་བབ་ཆགས་ངང་ཚུལ་གྱིས་ཁེངས་པའི་ས་ཆ་ཞིག་རེད། ལྷག་པར་ཐང་བོད་གནའ་ལམ་དང་རྨ་ཆུའི་མགོ་ཁུངས། ཨ་ཆེན་གངས་རྒྱབ་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས། ཆེས་བཟང་བའི་ཡུལ་སྐོར་བྱ་ཡུལ་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ཟི་ལིང་ནས་ཡུས་ཧྲུའུ་བར་དུ་རྩེ་གྲས་སྒེར་འཁོར་ཡུལ་སྐོར་གྱི་ལམ་ཐིག་ཅིག་ཡོངས་སུ་བསྐྲུན་ན་ཆོག”ཅེས་སྔོན་ཆད་སྡོད་འཁོར་བསྐོར་ནས་ཡུས་ཧྲུའུ་རུ་ཡུལ་སྐོར་དུ་སོང་མྱོང་བའི་ཟི་ལིང་རླངས་འཁོར་གླ་གཏོང་སྒེར་འཁོར་ཡུལ་སྐོར་སྒར་གྱི་འགན་ཁུར་པ་ཚའོ་ལུའུ་ཡིས་བརྩེ་བ་ཆེན་པོའི་ངང་དེ་ལྟར་བཤད།

བྱ་ཆུ་ལྷུང་ལྷུང་དུ་འབབ་པའི་འགྲམ་གྱི་ཁམས་པ་ཡུལ་སྲོལ་སྲང་ལམ་དུ་དལ་གྱིས་བསྐྱོད་པ་ན། དགའ་སྤྲོའི་ཉམས་འགྱུར་ལྡན་པའི་བོད་ཀྱི་རོལ་དབྱངས་སྙན་མོ་ཞིག་སྲང་ལམ་དེའི་མཐའ་རུ་གནས་པའི་བོད་ཟས་ཁང་ཞིག་ནས་གྲགས་ཡོང་། ཟླ་དྲུག་པར་ཆར་ཆུ་ཤིན་ཏུ་མོད་པས་འབའ་ཐང་རྩྭ་ཐང་སྔར་བས་མཛེས་ཤིང་སྡུག འཛམ་གླིང་ཅི་ནི་སིའི་ཟིན་ཐོ་བསྐྲུན་པའི་སྦྲ་ནག་དེ་ཡུལ་དེར་བརྗིད་པོར་ཕུག་ཡོད། མཛེས་སྡུག་གི་ལབ་ཁོག་དང་འབུས་རྣམ་པར་སྣང་མཛད་ལྷ་ཁང་དུ་སྔར་བཞིན་ལོ་ངོ་སྟོང་ཕྲག་ཏུ་བརྒྱུད་པའི་བོད་རྒྱ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུད་བརྗོད་བཞིན་གདའ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ནང་དུ་རི་དྭགས་གསའ་བག་ཡངས་ཀྱིས་རྒྱུ་བཞིན་ཡོད། འབྲི་ཆུ་འགྲམ་དུ་མི་རྣམས་ཀྱིས་ཀྲུང་གོའི་བརྩམས་ཆོས་མིང་གྲགས་བཞིའི་གྲས་ཀྱི《ནུབ་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད》ནང་དུ་ཐང་སིན་བླ་མས་ཆོས་དཔེ་ཉི་མར་སྐམ་པའི་གོམ་སྟབས་འཚོལ་སྙེག་བྱས་ཆོག་པ་སོགས་མང་ངོ་། །

ཡུལ་སྐོར་ཐོན་ཁུངས་འདི་དག་ལས་ཁེ་ཕན་ཐོབ་སྟེ། ཉིས་སྟོང་བཅོ་ལྔ་ལོའི་ཚུན་དུ། ཡུས་ཧྲུའུ་ཁུལ་གྱི་ཡུལ་སྐོར་ལ་འཕེལ་རྒྱས་མགྱོགས་པོ་བྱུང་། ཡུལ་སྐོར་པ་མི་ཐེངས་ཁྲི་ལྔ་བཅུ་ལྷག་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་གཉིས་ཚེག་ལྔ་བླངས། ཚོད་དཔག་བྱས་པ་ལྟར་ན།ཉིས་སྟོང་ཉེར་ལྔ་ལོར་བསླེབ་དུས། ཁུལ་ཡོངས་ནས་ཡུལ་སྐོར་པ་མི་ཐེངས་ཁྲི་བརྒྱ་དང་དོན་ལྔ་སྣེ་ལེན་བྱེད་ཐུབ་པ་དང་། དེའི་ནང་མངའ་ཁོངས་ཕྱིའི་ཡུལ་སྐོར་པ་མི་ཐེངས་ཁྲི་གཅིག་དང་ཚེག་གསུམ་སྣེ་ལེན་བྱེད་ཐུབ་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་བཅུ་བཞི་ལེན་ཐུབ།

དམིགས་འབེན་འདི་དག་ཇི་ལྟར་མངོན་འགྱུར་བྱེད་ཟེར་ན།

ཡུས་ཧྲུའུ་ཁུལ་གྱིས་གྲོང་ཁྱེར་དང་ཞིང་སྡེ། སྐྱེ་ཁམས་ཐོན་ལས། རིག་གནས། ཡུལ་སྐོར་སོགས་ཀྱི་བྱེད་ནུས་མང་པོ་ཕན་ཚུན་དུ་སྦྲེལ་ནས། ཡོངས་ཁྱབ་ནས་མིང་དོན་མཚུངས་པའི་རྒྱལ་ཁབ་སྤྱི་གླིང་དང་འཛམ་གླིང་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་བསྐྲུན་ནས་ཡུལ་སྐོར་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱེད་རྒྱུ་རེད།

བྱེ་བྲག་གི་བྱེད་ཐབས་སྟེང་ནས། ཡུས་ཧྲུའུ་ཁུལ་གྱིས་ཧྲོའུ་ལུའི་ཚོགས་པ་དང་མཉམ་ལས་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་དང་མྱ་ངམ་ཐང་དུ་ཉེན་འཚོལ་བྱེད་པ། སྐྱེ་ཁམས་ཉམས་ལེན་བྱེད་པའི་ཡུལ་སྐོར་སོགས་ཀྱི་ཕྱོགས་ནས་ཇུས་འགོད་བྱས་ཏེ་རྫོགས་ལྡན་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་སྒེར་འཁོར་ཡུལ་སྐོར་སྒར་ས་འཛུགས་སྐྲུན་དང་ལག་བསྟར་ལ་སྐུལ་འདེད་བྱེད་པ། གོ་ཆོད་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་འཁོར་རྒྱུག་བྱེད་སྟངས་འཚོལ་སྙེག་བྱས་ཏེ། ཡུས་ཧྲུའུ་ཡུལ་སྐོར་ཚོང་གཉེར་གྱི་དོ་དམ་ནུས་པ་དང་ཡུལ་སྐོར་ཞབས་ཞུ་སྣེ་ལེན་ཆུ་ཚད་ཇེ་མཐོར་གཏོང་བ། རྩེ་གྲས་ཀྱི་ཁམས་པ་དམངས་ཁྲོད་གླུ་གར་ཚོགས་པ་བསྐྲུན་ནས། རང་ཡུལ་དང་གདོད་མ། ངོ་མའི་ཡུས་ཧྲུའུ་ཡུལ་སྐོར་གྱི་མིའི་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱེད་རྒྱུ་རེད།

“འོས་མཐུན་གྱིས་གསར་གཏོད་བྱེད་པ་ནི་སྔར་བས་སྲུང་སྐྱོབ་བྱེད་ཆེད་ཡིན། ང་ཚོས་བརྒྱ་ཆའི་གཅིག་བེད་སྤྱོད་བྱས་པ་དེ་བརྒྱ་ཆའི་གོ་དགུ་ཡིས་སྲུང་སྐྱོབ་བྱེད་དགོས།བརྒྱ་ཆའི་གཅིག་བེད་སྤྱོད་བྱེད་པ་ནི་ཡུལ་སྐོར་གྱི་རྩ་བའི་བྱེད་ནུས་སྐོང་བ་འཛུགས་སྐྲུན་བྱེད་པ་ནས་མགོ་བརྩམས་ཏེ། ལོ་ངོ་གསུམ་ནས་ལྔ་ཡི་ནང་དུ་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡོངས་འགྲུབ་བྱེད་དགོས། བརྒྱ་ཆའི་གོ་དགུ་ཡིས་སྲུང་སྐྱོབ་བྱེད་པ་ནི་ཡུལ་སྐོར་གྱི་རྩ་བའི་བྱེད་ནུས་སྐོང་བ་འཛུགས་སྐྲུན་བྱེད་པ་ལས་གཞན། སྐྱེ་ཁམས་ཀྱི་རང་བྱུང་དང་གདོད་མ། རྣལ་མ་བཅས་སྔར་བས་མང་ཞིང་ཆེ་བ། བཟང་པོའི་སྒོ་ནས་བསྟུན་དགོས། ཡུལ་སྐོར་གསར་སྤེལ་ནི་མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་མངོན་འགྱུར་བྱེད་པ་དེ་ཡིན”ཞེས་འ་ཞ་གཡང་དཔལ་གྱིས་གསར་འགོད་པར་དེ་ལྟར་བཤད། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།