མཚོ་ལྷོ་ཁུལ་གྱིས་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
2018.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཕྱུགས་ལས་གཙོ་བོ་གཉེར་བ་དང་ཞིང་ཕྱུགས་ཟུང་དུ་སྦྲེལ་བའི་ས་ཁུལ་ཞིག་ཡིན་ལ། བསྡོམས་པས་རང་བྱུང་རྩྭ་སའི་རྒྱ་ཁྱོན་མུའུ་བྱེ་བ་ལྔ་དང་ས་ཡ་བཞི་འབུམ་གཅིག་ཁྲི་གཅིག་སྟོང་བདུན་ལྷག་ཡོད་ལ། དེའི་ཁྲོད་བེད་སྤྱོད་བྱས་ཆོག་པའི་རྩྭ་ས་མུའུ་བྱེ་བ་ལྔ་དང་འབུམ་དགུ་ཁྲི་གཉིས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱིས་བེད་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་གྱིས་ཕལ་ཆེར་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཅིག་ཟིན་ཡོད། གསོ་ཁ་ན་ཡོད་པའི་ཕྱུགས་ཟོག་ས་ཡ་བཞི་དང་འབུམ་དྲུག་ཁྲི་གཉིས་སྟོང་དགུ་ལྷག་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གསོ་ཁ་ན་ཡོད་པའི་ཕྱུགས་ཟོག་གིས་བརྒྱ་ཆའི་ཉེར་ལྔ་ཕལ་ཆེར་ཟིན་ཡོད། ཞིང་ལས་འདེབས་པའི་ས་མུའུ་ས་ཡ་གཅིག་དང་འབུམ་བཞི་ཁྲི་བདུན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཆེས་ཆེ་བའི་ཞིང་ཕྱུགས་མཉམ་འབྲེལ་གྱི་ས་ཁུལ་ཆེས་ཆེ་བར་གྱུར་ཡོད། དུས་ཡུན་རིང་བོར། ནམ་ཟླ་དང་ས་ཁམས། རིག་གནས། དཔལ་འབྱོར་སོགས་ཀྱི་རྒྱུ་རྐྱེན་གྱིས་སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ཀྱི་རྨང་གཞིའི་སྒྲིག་ཆས་ཉམས་ཞན་དུ་གྱུར། ཁྱིམ་ཚང་གི་རྣམ་པ་དང་གཞི་ཁྱོན་ཆུང་བ། མ་རྩ་མཐོ་བ། ཐོན་སྐྱེད་ཉུང་བ་སོགས་ཀྱི་ཐོན་སྐྱེད་ཚོང་གཉེར་རྣམ་པའི་གོ་གནས་གཙོ་བོར་བཟུང་ཡོད་པས། ཕྱུགས་ལས་ཀྱི་ཐོན་ཁུངས་ཁྱད་སྟོབས་ཏེ་དཔལ་འབྱོར་ཁྱད་སྟོབས་སུ་བསྒྱུར་བར་དཀའ་ཁག་ཆེ་བས། མང་ཚོགས་ཀྱིས་ཐོན་ཚད་ཇེ་མང་དུ་བཏང་ཡང་ཡོང་སྒོ་མང་པོ་མེད་པའི་གནས་སུ་ལྷུང་ཡོད་ལ། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་གཏོང་དཀའ་བར་གྱུར་ཡོད།

2008ལོར། མཚོ་ལྷོ་ཁུལ་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཕྱུགས་ལས་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་པ་དང་། 2010ལོར《མཚོ་ལྷོ་ཁུལ་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་འཆར་འགོད》ལ་ཞིང་ཆེན་སྲིད་གཞུང་གིས་མཆོག་མཆན་བཀོད། 2015ལོར་མཚོ་ལྷོའི་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས《མཚོ་ལྷོའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་པའི་མཛུབ་སྟོན་བསམ་འཆར》བཏོན། མཚོ་སྐོར་དེང་རབས་སྐྱེ་ཁམས་ཕྱུགས་ལས་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་དེང་རབས་སྐྱེ་ཁམས་འཁོར་སྐྱོད་ཞིང་ཕྱུགས་ལས་དང་། ལྷོ་རྒྱུད་མཐོ་འཁྱག་འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས“ཆེན་པོ་གསུམ”གྱི་ཐོན་ལས་དཔལ་འབྱོར་རྒྱུད་བཅས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་གཞིགས་བཏོན། 2018ལོར་མཚོ་སྔོན་གྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁུལ་སོ་སོ་རུ《མཚོ་སྔོན་ནོར་གནག་ཐོན་ལས་འཕེལ་རྒྱས་མནའ་འབྲེལ་མཚོ་ལྷོ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལག་བསྟར་གྱི་ཇུས་གཞི》གཏན་ལ་ཕབ་པ་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་ལག་བསྟར་སྐུལ་འདེད་བྱས། ལོ་བཅུའི་རིང་གི་ཞིབ་དཔྱད་དང་ལག་ལེན་བརྒྱུད་ནས། ལམ་ལུགས་ནང་རྐྱེན་གྱི་སྟེང་སྐྱེ་ཁམས་བཟང་བ་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། གསར་སྐྲུན་སྣེ་ཁྲིད་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་བཙལ།

མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། རྨང་གཞིའི་གཏིང་ཤུགས་སྲ་བརྟན་དུ་བཏང་།

ལོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་རེ་དགུ་དང་བྱེ་བ་བརྒྱད་ས་ཡ་གསུམ་བཏང་ལ། སྔ་རྗེས་སུ་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། རྒྱང་རིང་ལ་དམིགས་པ། གཏིང་ཤུགས་ཇེ་དྲག་ཏུ་གཏོང་བའི་ཞིང་ཕྱུགས་ལས་འཛུགས་སྐྲུན་བཟོ་སྐྲུན་སྔ་རྗེས་སུ་ལག་བསྟར་བྱས། ས་མུའུ་ས་ཡ་བཞི་དང་འབུམ་བདུན་ཁྲི་གཉིས་སྟོང་བརྒྱད་ལྷག་གི་སྟེང་ཕྱུགས་སྤྱིལ་ཁང་བ་ལས་པ་དང་། ཉི་འོད་ནུས་པའི་དྲོད་ཁང་སྟོང་དགུ་དང་ཉིས་བརྒྱ་རེ་གཅིག་ལས། ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་ཚད་བརྒྱ་ཆའི་དོན་ལྔའི་ཡན་ལ་སླེབས་ཡོད། སྤྱིར་བཏང་གི་རྩྭ་སར་ལྕགས་ར་བསྐོར་ཚད་དེ་བེད་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་གཅིག་ཟིན་ཡོད་ལ། ཁུལ་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་འབྲོག་པ་མང་ཚོགས་ལ་ཕྱོགས་ཡོངས་ནས་གཏན་སྡོད་ཁང་བ་དང་། ཕྱུགས་སྤྱིལ་ཁང་། རྩྭ་སར་ལྕགས་ར་བསྐོར་བ། གཟན་རྩྭའི་རྟེན་གཞི། གཟན་རྩྭ་འཇོག་ས། ཆུ། གློག ལམ་བཅས“ཆ་ཚང་སྒྲིག་ཆས་བརྒྱད”ཀྱི་བཟོ་སྐྲུན་ཡོངས་འགྲུབ་བྱས།

སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་ནས། རྩྭ་ས་ལྗང་བསྒྱུར་དང་མངས་ཚིས་ལ་ཕན་ཁེ་བསྐྲུན།

ལོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས“སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་ཇེ་བརྟན་དུ་བཏང་བ་དང་། “རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རི”ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ལག་ལེན་དངོས་འབེབ་བྱས་ཏེ། རྩྭ་སའི་ཁ་གསབ་བྱ་དགའ་དང་ཕྱུགས་བསྐྱུར་རྩྭ་འདེབས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་སོགས་བཟོ་སྐྲུན་ལག་བསྟར་བྱས་ནས། རྩྭ་ས་མུའུ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་གཅིག་ཁྲི་དྲུག་སྟོང་བདུན་ལྷག་ལ་ལྕགས་ར་བསྐོར་བ་དང་། ས་མུའུ་ས་ཡ་གསུམ་དང་འབུམ་དགུ་ཁྲི་བཞི་སྟོང་དགུ་ལྷག་ལ་རྩྭ་གསབ་འདེབས་བྱས་པ། ས་མུའུ་འབུམ་ལྔ་དང་ཁྲི་གསུམ་སྟོང་དྲུག་དགུ་བརྒྱའི་ས་ནག་ཐང་བཅོས་སྐྱོང་བྱས་པ། ས་མུའུ་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་གཉིས་ཁྲི་གཅིག་སྟོང་བརྒྱད་ལྷག་གི་གནས་སུ་ཨ་བྲའི་གནོད་འཚེ་སྔོན་འགོག་བྱས་པ། ས་མུའུ་ས་ཡ་གཅིག་དང་ཁྲི་བདུན་གྱི་དུག་རྩྭ་སྔོན་འགོག་བྱས། བསྡོམས་པས་རྩྭ་སའི་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་ཉེར་ལྔ་བྱིན་པ་དང་། ཁུལ་ཡོངས་ཀྱི་ཁྱིམ་ཚང་ཁྲི་བདུན་དང་སྟོང་གཉིས་བཞི་བརྒྱ་དང་རོང་འབྲོག་པ་མི་གྲངས་འབུམ་གསུམ་དང་ཁྲི་གཅིག་དགུ་བརྒྱ་ལ་ཕན་ཁེ་ཐོབ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟོང་གཅིག་དང་བདུན་བརྒྱ་གཉིས་གདན་འདྲེན་ཞུས་པ་དང་། ལོ་གཅིག་གི་ནང་མི་རེའི་ཆ་སྙོམས་ཀྱི་བྱ་བའི་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ལ་སླེབས་ཡོད།

གསོན་ཤུགས་གསར་བ་འདོན་སྤེལ་བྱས་ཏེ་རྣམ་པ་བསྒྱུར་བ།

ལོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་དང་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་བརྟེན་ནས། བློ་བརྟན་འགྱུར་མེད་སྒོས་རྩྭ་སའི་ཕྱུགས་ལས་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ལམ་བུའི་སྟེང་བསྐྱོད་པ་དང་། མཉམ་ལས་ཁང་གཙོ་གནད་དུ་བཟུང་ནས་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དང་། སྔ་རྗེས་སུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཉིས་བརྒྱ་ཉེར་གསུམ་བཙུགས་པ་དང་། ཕྱུགས་ལས་སྡེ་བ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ཉིས་བརྒྱ་ང་བདུན་བཙུགས་པ་དང་། དེའི་ཁྲོད་ཞིང་ཆེན་གྱིས་ཁས་ལེན་ཐོབ་པའི་གསོ་སྤེལ་ར་བ་བརྒྱ་དང་དོན་གསུམ་ཡོད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཉེར་གསུམ་དུ་མ་རྐང་ལམ་ལུགས་བསྒྱུར་བཀོད་དང་། རྩ་འཛུགས་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་ཚོང་གཉེར་སྤེལ་བ་དང་། བསྡོམས་པས་ཡོང་སྒོ་སྒོར་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་དྲུག་སྟོང་བརྒྱད་བགོ་བཤའ་བརྒྱབ། ཁྱིམ་ཚང་རེར་ཆ་སྙོམས་བྱས་ན་སྒོར་ཁྲི་གཉིས་དང་སྟོང་གསུམ་སུམ་བརྒྱ་ཡོད། ཕྱུགས་ལས་ཀྱི་ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད། རྩྭ་བཏབ་སྟེ་ཕྱུགས་གསོ་བ་དང་ཐོན་ལས་གསུམ་མཉམ་བསྲེས་བྱེད་པ། ཚན་རྩལ་ཞབས་ཞུའི་རྣམ་པ་སོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས། དཔེར་ན་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་ཧྲང་ཡུག་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ཐོན་ལས་དང་པོས་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་བཏང་སྟེ། ནས་རྩམ་དང་ལོག་དཀར་གྱི་སྣུམ། ལུག་བལ་གྱི་ཉལ་ཐུལ་སོགས་ཞིང་ཕྱུགས་ཐོན་རྫས་ཐུམ་བརྒྱབ་ནས་ཕྱིར་འཚོང་བྱས་པ་དང་། གློག་རྡུལ་ཚོང་ར་བརྒྱུད་ནས་ཕྱིར་འཚོང་བྱས་པས། ལོ་དེར་ཡོང་སྒོ་སྒོར་འབུམ་གསུམ་དང་ཁྲི་ལྔ་བླངས་བ་དང་། མིག་སྔའི་བར་བསྡོམས་པས་ཡོང་སྒོ་བགོ་བཤའི་མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་ལྔ་ལ་སླེབས་པས། ཁྱིམ་ཚང་རེར་ཆ་སྙོམས་བྱས་ན་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་དྲུག་ཡོད། ཁྲི་ཀ་རྫོང་ལྷ་སྡེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ཕན་ནུས་མཐོ་བའི་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། 2016ལོར། རྩེབ་རྒྱུ་ཡོད་པའི་མོ་ཕྱུགས་སྟོང་གསུམ་དང་། རྩེབ་ལུག་སྟོང་གཉིས་དང་བདུན་བརྒྱ་ཡོད་པ་དང་། ལག་ག་སྟོང་གཅིག་དང་ལྔ་བརྒྱ་ཕྱིར་བཙོང་བྱས་པས། བགོ་བཤའི་ཡོང་སྒོ་སྒོར་ས་ཡ་གཅིག་ལ་སླེབས། 2017ལོར་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་བརྒྱུད་ནས་བགོ་བཤའི་ཡོང་སྒོ་སྒོར་ས་ཡ་གཉིས་མངོན་འགྱུར་བྱས་པ་དང་། ཡོང་སྒོ་སྔོན་ལོ་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་། གུང་ཧོ་རྫོང་ཐེབ་རྒྱ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་སྐུལ་སྤེལ་ལམ་ལུགས་དང་འགྲན་རྩོད་ལམ་ལུགས་བཙུགས་ནས། མཉམ་ལས་ཁང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མ་རྐང་ལམ་ལུགས་ཀྱི་ཚན་ཆུང་གཉིས་བཙུགས་པ་དང་། མང་ཚོགས་ཀྱིས་རང་གི་འདོད་མོས་ལྟར་མཉམ་ལས་ཁང་དུ་མ་རྐང་བཞག་ཆོག ཚན་ཆུང་རེའི་ཁྲོད་དུ་འདེབས་འཛུགས་དང་ཕན་ནུས་མཐོ་བའི་གསོ་སྤེལ། ཕྱུགས་ལས་ཐོན་རྫས་ལས་སྣོན། ངལ་རྩོལ་པ་ཕྱི་རུ་ཞོར་ལས་སུ་འགྲོ་བ་སོགས་ཐོན་སྐྱེད་ཚོང་གཉེར་ཚན་ཆུང་བཙུགས་པ་དང་། “གཅིག་གྱུར་དྲུག”གི་རེ་བ་ལྟར། ཚན་ཆུང་བགོས་ནས་ཚོང་གཉེར་བྱེད་པ་དང་། གཅིག་གྱུར་སྒོས་ཞིབ་རྩིས་བྱས་ཏེ། འགྲན་རྩོད་རང་བཞིན་གྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པར་བྱས། 2017ལོར་མཉམ་ལས་ཁང་དུ་ཞུགས་པའི་མང་ཚོགས་ལ་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཉིས་སྟོང་གསུམ་ལྷག་བགོ་བཤའ་བརྒྱབ་པ་དང་། ཁྱིམ་ཚང་རེར་སྒོར་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་བགོ་བཤའ་བརྒྱབ། ཀོས་ནན་རྫོང་གིས་ཞིང་ཕྱུགས་ཟུང་འབྲེལ་གྱི་ཁྱད་སྟོབས་ལ་བརྟེན་ནས། “རྩྭ་ཕྱུགས་མཉམ་སྒུལ”གྱི་རྣམ་པ་ལེགས་བཟོ་བྱས། དཔེར་ན། ཀོས་ནན་རྫོང་བྱ་ཚང་མཉམ་ལས་ཁང་གིས་གཟན་རྩྭ་བྱིན་ཏེ་གསོ་སྤེལ་བྱས་པ་བརྒྱུད། རྩྭ་སྔོན་དང་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་བཏང་བས། ངལ་རྩོལ་ལྷག་མ་རྣམས་ཀྱིས་ཕྱུགས་ལས་ཐོན་རྫས་ལས་སྣོན་དང་། ངལ་རྩོལ་པ་མཁར་གྲོང་དུ་ཞོར་ལས་སུ་འགྲོ་བ་དང་ངལ་རྩོལ་པའི་ཞབས་ཞུ་སོགས་ཐོན་ལས་གཉིས་པ་དང་གསུམ་གཉེར་བས། རོང་འབྲོག་པས་ཐབས་ལམ་མང་པོ་སྤྱད་དེ་ཡོང་སྒོ་བཙལ་བའི་ཐབས་ལམ་མངོན་འགྱུར་བྱུང་བ་དང་། མིག་སྔའི་བར་ཡོང་སྒོ་སྒོར་འབུམ་བཞི་བགོ་བཤའ་བརྒྱབ། ཐུན་ཏེ་རྫོང་དར་ལུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་སྡེ་བ་རེ་རེ་དང་རུ་ཁག་རེ་རེའི་ཁྱད་ཆོས་ལ་བརྟེན་ནས། ཧུར་ཐག་གིས་མི་སྣ་སྐུལ་སློང་དང་དྲིལ་སྒྲོག་བྱས་པ་དང་། འབྲོག་པ་མཉམ་ལས་ཁང་དུ་ཞུགས་པ་དང་། རྩྭ་ས་དང་རྨོ་ཞིང་། ཕྱུགས་ཟོག་བཅས་མ་རྐང་དུ་བཞག་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། ས་ཁག་བགར་ནས་ཕྱུགས་འཚོ་རེས་བྱས་པ་དང་། ཞིང་ལས་རྒྱུ་ཆ་འདེབས་འཛུགས། ཕན་ནུས་མཐོ་བའི་གསོ་སྤེལ་བྱེད་ཐབས་བཅས་ལག་བསྟར་བྱས་ཏེ། འདེབས་གསོ་ཟུང་འབྲེལ་དང་རྩྭ་ཕྱུགས་མཉམ་སྒུལ་གྱི་རྣམ་པ་ཁྱབ་གདལ་དུ་བཏང་ནས། ལོ་དེའི་ཡོང་སྒོ་སྒོར་འབུམ་བདུན་དང་ཁྲི་གཉིས་ལ་སླེབས་པ་དང་། ཡོང་སྒོ་རྐྱང་བ་སྒོར་འབུམ་བཞི་ལ་སླེབས་ཡོད་པས། ཁྱིམ་ཚང་རེར་ཆ་སྙོམས་བྱས་ན་སྒོར་ཁྲི་གཅིག་དང་སྟོང་གསུམ་ཡོད།

གཙོ་གནད་འབུར་དུ་བཏོད་དེ། དཔེ་སྟོན་སྣེ་ཁྲིད་ཀྱི་རྣམ་པ་གསར་བ་བསྐྲུན།

ལོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྣམ་པ་གསར་བའི་ཞིང་ཕྱུགས་ལས་ཚོང་གཉེར་གཙོ་བོས་རོང་འབྲོག་པས་ཐོན་སྐྱེད་ཚོང་གཉེར་རྣམ་པ་བསྒྱུར་བའི་བྱེད་ཐབས་ཀྱི་སྣེ་ཁྲིད་མཁན་དུ་བརྩིས་ནས། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་ཕྱུགས་ལས་ར་བ་བཅས་རྒྱ་ཇེ་ཆེར་འཕེལ་རྒྱས་སུ་བཏང་ནས། ཁུལ་ཡོངས་སུ་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོའི་ཁྱིམ་ཚང་རེ་དགུ་གསོ་སྤེལ་བྱས་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་ཁྱིམ་ཚང་གཅིག་དང་། ཞིང་ཆེན་རིམ་པའི་ཁྱིམ་ཚང་བཅུ་བཞི། ཁུལ་རིམ་པའི་ཁྱིམ་ཚང་ཞེ་དགུ་ཡོད། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྟོང་གཅིག་དང་ཉིས་བརྒྱ་དོན་ལྔ་ཡོད་ལ། ཁྱིམ་ཚང་ཞིང་ཕྱུགས་ར་ལྔ་བརྒྱ་ཞེ་གཉིས་ཡོད། རྣམ་པ་གསར་བའི་ཚོང་གཉེར་གཙོར་བཟུང་བ་དང་། རྟེན་གཞི་འབྲེལ་ཐག་ཡིན་པ། རོང་འབྲོག་ཁྱིམ་ཚང་བཅས་རྨང་གཞི་ཡིན་པའི་དེང་རབས་ཞིང་ཕྱུགས་ལས་ཐོན་སྐྱེད་ཚོང་གཉེར་མ་ལག་བཙུགས་པ་དང་། ཐོན་ལས་ཅན་གྱི་ཚོང་གཉེར་བྱེད་པའི་རོང་འབྲོག་པས་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཁྱིམ་ཚང་གི་སྤྱིའི་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད་ལ། ཞིང་ཕྱུགས་ལས་རྩ་འཛུགས་ཅན་གྱི་ཚད་ལ་སླེབས་ཚད་བརྒྱ་ཆའི་ང་ལྔ་རེད།

ཚན་རྩལ་གྱི་རོགས་སྐྱོར་ལ་བརྟེན་ནས། བགྲོད་ལམ་གསར་བ་གསར་གཏོད་བྱེད་པར་སྐུལ་འདེད་བྱས།

ལོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ཕྱུགས་ཚན་རྩལ་ཁྱབ་གདལ་ལས་ཁུངས་ཀྱི་བྱེད་ནུས་དང་ཞིང་ལས་ལག་རྩལ་མི་སྣའི་བློ་རིག་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་དང་ཚན་རྩལ་ཞིབ་འཇུག་ལས་ཁུངས་ལ་ཟུང་འབྲེལ་བྱས་ནས། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གཙོ་བོ་འཕེལ་རྒྱས་ཀྱི་ལག་རྩལ་གསར་བ་ཞིབ་འཇུག་དང་ཁྱབ་གདལ། བཀོལ་སྤྱོད་བཅས་ལ་ཁ་གཏད་ནས། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་ཞིང་ལསས་རྒྱུ་ཆའི་ཁྱབ་ཁོངས་ཚོད་ལྟ་སྣ་ལྔ་སྤེལ་བ་དང་། 《གསོ་སྤེལ་གྱི་བྱེད་ཐབས་མི་འདྲ་བའི་ནོར་གནག་གསོ་སྤེལ་དང་ཚོ་གསོའི་ཕན་འབྲས་ལྟ་ཞིབ་ཚོད་ལྟའི》གྲུབ་འབྲས་རྒྱལ་ནང་གི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་ཡོད་པས། ཁུལ་རིམ་པའི་ཚན་རྩལ་དཔེ་སྟོན་སྡེ་བ་ཉི་ཤུ་གསར་འཛུགས་བྱས་པ་དང་། ཚན་རྩལ་ཆེད་མངག་པ་བརྒྱ་དང་སོ་བཞི་མངག་ནས། བསྡོམས་པས་རྣམ་པ་གསར་བའི་ལས་རིགས་ཀྱི་རོང་འབྲོག་པ་ཁྲི་བརྒྱད་ལྷག་ལ་གསོ་སྦྱོང་བྱས་པ་དང་། ཚན་རྩལ་གྱིས་རོང་འབྲོག་པས་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་བཞག་ཚད་བརྒྱ་ཆའི་རེ་ལྔ་ཡན་ཟིན་ཡོད། རྫོང་རིམ་པའི་ཞིང་ཕྱུགས་ལས་ཆ་འཕྲིན་ཞབས་ཞུའི་ལྟེ་གནས་ལྔ་དང་སྡེ་བ་རིམ་པའི་ཞིང་ཕྱུགས་ལས་ཆ་འཕྲིན་ཞབས་ཞུ་ས་ཚིགས་ཉི་ཤུ་བཙུགས་པ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་དྲ་བ་ཆ་འཕྲིན་ཅན་དུ་མངོན་འགྱུར་བྱས་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས་ཡོད།

མིང་གྲགས་ཐོན་རྫས་ལེགས་བཟོ་བྱས་ཏེ། སྤུས་ཚད་དང་ཕན་འབྲས་མཐོ་བའི་མིང་བྱང་བསྐྲུན་པ།

ལོ་བཅུའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ནོར་ལུག་གི་ཤ་དང་འོ་མའི་ཐོན་རྫས། སྦྲང་རྩིའི་ཐོན་རྫས། ནས། ལོག་དཀར་སོགས་ཁྱད་སྟོབས་ཐོན་རྫས་གཙོ་གནད་དུ་བཟུང་ནས། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་མིང་གྲགས་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས། ལྗང་མདོག་ཐོན་རྫས་དང་སྐྱེ་ལྡན་ཐོན་རྫས་བཅས་ལེགས་བཟོ་བྱས་ཏེ། ཁུལ་ཡོངས་སུ་མིང་གྲགས་ཐོན་རྫས་ལྔ་བཅུ་གསོ་སྤེལ་བྱས་པས། ཞིང་ཕྱུགས་ཐོན་རྫས་ཀྱི་མཚོན་རྟགས་ཐོན་རྫས་གསུམ་ཐོ་འགོད་བྱས་པ་དང་། ལྷད་མེད་ཐོན་རྫས་བཅུ་བཞི་ལ་ཁས་ལེན་ཐོབ་པ་དང་། སྤྱི་གནོད་མེད་པའི་ཐོན་རྫས་སོ་གསུམ་ལ་ཁས་ལེན་ཐོབ། ལྗང་མདོག་དང་སྤྱི་གནོད་མེད་པ། དེ་མིན་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་ཞིང་ཕྱུགས་ལས་རྨང་གཞིའི་ཐོན་སྐྱེད་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཞི་བཅུ་ཡན་ལ་སླེབས་ཡོད་པ་དང་། ས་གནས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་མིང་གྲགས་ཐོན་རྫས་ཀྱིས་བརྒྱ་ཆའི་ཉེར་ལྔའི་ཡན་ཟིན་ཡོད། “ཨ་ཆེན་གངས་རྒྱབ”དང“ཁྲི་ཀའི་སུར་པན”སོགས་ཐོན་རྫས་མིང་གྲགས་ཅན་ཞིང་ཆེན་ཕྱི་རུ་ཁྱབ་ཡོད། ཡངས་ཤིང་ཆེ་བའི་རྩྭ་ཐང་དང་ཕྱུགས་རྩྭ་བཟང་བ། ནོར་ལུག་ཤ་ཤེད་རྒྱས་ཡོད། ད་ལོའི་མཚོ་ལྷོ་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་བསྒྱུར་ནས། དེང་རབས་སྐྱེ་ཁམས་ཕྱུགས་ལས་ཉིན་རེ་བཞིན་སྐྱེ་སྟོབས་ཀྱིས་དཔལ་འབར་བཞིན་ཡོད་ལ། ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན། དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དང་བསྐྱོད་བཞིན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།