གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་པའི་མཚོ་སྔོན་གྱི་མངའ་ཁོངས་སུ་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ལྔ་བཅུའི་ཡན་ཡོད་པའི་ཆུ་རྒྱུན་སུམ་སྟོང་ལྔ་བརྒྱ་བཅོ་བརྒྱད་ཡོད་པ་དང་། སྤྱི་ལེ་གྲུ་བཞི་མ་གཅིག་ཡན་ཡོད་པའི་མཚེའུ་ཉིས་བརྒྱ་ཞེ་གཉིས་ཡོད། ཆུ་རྒྱུན་དེ་དག་གི་ཁྱབ་རྒྱ་ཆེ་ཞིང་། མང་ཆེ་བ་ཞིག་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་དུ་གནས་ཡོད་ལ། དེ་དག་མི་མེད་ས་སྟོང་ཡིན་པས། ཕལ་ཆེར་རང་བྱུང་གི་རྣམ་པ་ཅན་ཏུ་ཆགས་ཡོད།
མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲི་དང་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་གནས་ཡོད། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱས་ཏེ་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པར། ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱས་ཚེ། ད་གཟོད་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་ཐོབ་པ་དང་། ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བཅས་བྱེད་ཐུབ།
2017ལོའི་ལོ་མཇུག་ཏུ། རང་ཞིང་གིས་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་བཙུགས་པ་དང་། རྨང་གཞི་དེའི་སྟེང་དུ་ད་ལོར་རང་ཞིང་གིས་མངའ་ཁོངས་ཀྱི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཅིག་དང་དེའི་ཡན་ཡོད་པའི་རང་བྱུང་གི་མཚེའུ་དང་། ཆུའི་ཤོང་ཚད་མུས་རྒྱ་དཔངས་གྲུ་བཞི་མ་འབུམ་གཅིག་ཡན་ཡིན་པའི་ཆུ་མཛོད་ལ་གཅིག་གྱུར་གྱིས་ཆུ་བདག་ལམ་ལུགས་ལག་བསྟར་བྱས་། མིག་སྔར། ཞིང་ཆེན་ཡོངས་སུ་ཆུ་བདག་སྟོང་ལྔ་དགུ་བརྒྱ་ཉེར་ལྔ་ལས་རྐང་དུ་ཞུགས་ཡོད་པ་དང་། དེའི་ནང་ཆུ་བདག་སྟོང་ལྔ་དྲུག་བརྒྱ་ཉེར་དགུ་དང་མཚོ་བདག་ཉིས་བརྒྱ་གོ་དྲུག་ཡོད།
རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབད་བརྩོན་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གིས་བཏོན་པའི་བྱ་བའི་ཇུས་གཞི་དང་། རྩ་འཛུགས་མ་ལག འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་བྱེད་ཐབས། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་གདེང་འཇོག་བཅས་དོན་ཐོག་ཏུ་འཁྱོལ་བའི་སྤྱིའི་བླང་བྱ་ཡོངས་འགྲུབ་བྱས་ཤིང་། ཆུ་བདག་ཡོད་པ་དང་འགུལ་སྐྱོད་ཡོད་པ། ཕན་འབྲས་མངོན་པ་བཅས་ནུས་ཡོད་སྒོས་གཅིག་གྱུར་བྱས་ཏེ། ཡུན་རིང་ཐག་གཅོད་བྱེད་མ་ཐུབ་པའི་གནད་དོན་འགའ་ཞིག་ཐག་གཅོད་བྱས་པ་དང་། ཆུ་བོ་དང་མཚེའུ་ལ་དོ་དམ་བྱེད་མཁན་མེད་པ་ནས་དོ་དམ་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མི་ཐུབ་པ་ནས་དོ་དམ་བཟང་བོ་བྱེད་ཐུབ་པའི་ཕྱོགས་སུ་མངོན་འགྱུར་བྱས།
2016ལོའི་ཟླ་བཅུ་གཅིག་པར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས་པའི་ཚུན་ལ། རང་ཞིང་གིས་ཚན་རིག་ལྟར་དུས་ཚོད་མྱུར་ཚད་རེའུ་མིག་བཀོད་སྒྲིག་བྱས་ཏེ། དུས་ཚོད་སྦྲེལ་ཚིགས་ཚོད་འཛིན་ནན་མོ་བྱེད་པ་དང་། ལམ་ལུགས་སྣ་ཚོགས་གཏན་འབེབས་དང་ཚད་ལྡན་དུ་བཏང་ནས། ཆུ་བདག་ལམ་ལུགས་དངོས་འབེབས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱས།
ཞིང་ཆེན་ཏང་ཨུས《མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་འཛུགས་པའི་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ཞིང་ཆེན་ཆུ་བེད་ཐིན་གྱིས་ཡང་བསྐྱར《མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱེད་པའི་བྱ་བའི་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་ལམ་ལུགས》དང《མཚོ་སྔོན་ཞིང་ཆེན་གྱི་ཆུ་བདག་ལམ་ལུགས་ཆ་འཕྲིན་ཡར་ཞུ་ལམ་ལུགས》པར་སྐྲུན་འགྲེམ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་ཆུ་བདག་ལམ་ལུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་བྱ་བའི་ལམ་ལུགས་ལྔ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ་ནས་ཆུ་བདག་ལམ་ལུགས་ཀྱི་བྱ་བའི་ལམ་ལུགས་དྲུག་བཙུགས་ཏེ། ཆུ་བདག་ལམ་ལུགས་ཀྱི་བྱ་བའི་ལམ་ལུགས་དེ་བརྒྱད་དུ་ཇེ་མང་ལ་བཏང་།
དེ་ལྟར་ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གི་བྱ་བའི་ཇུས་གཞི་དང་། རྩ་འཛུགས་མ་ལག་དང་འགན་འཁྲི། འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་བྱེད་ཐབས། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་གདེང་འཇོག་བཅས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་དོན་འཁྱོལ་བཞིའི་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་ཆུ་བདག་ལམ་ལུགས་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱས།
ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་ཁྲོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་བརྒྱད་དང་རྫོང་ཞེ་དྲུག བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱེད་དགོས་པའི་ཞང་སུམ་བརྒྱ་གོ་བདུན་བཅས་ཀྱིས་ཆུ་བདག་ལམ་ལུགས་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་པ་དང་། མ་ལག་ལྡན་པའི་སྒོ་ནས་རང་ས་ཁུལ་གྱིས་ཆུ་བདག་ལམ་ལུགས་ལག་བསྟར་བྱེད་པའི་བྱེད་ཐབས་དང་ཐབས་ལམ། ལས་འགན་གཙོ་བོ། ལས་བགོས་འགན་འཁྲི། དུས་ཚོད་རེའུ་མིག ལམ་ཐིག་བཅས་བཏོན།
2017ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོས་ཆུ་བདག་གཙོ་བོའི་འགན་འཁུར་བའི་བྱ་བའི་རྐྱེན་སྲོལ་དང་ཆུ་ཁོངས་ཡོངས་ལ་ཁེབས་པའི་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་ཆུ་བདག་མ་ལག་འཐུས་ཚང་དུ་བཏང་།
མིག་སྔར། ཞིང་ཆེན་ཡོངས་སུ་རིམ་པ་ལྔའི་ཆུ་བདག་སྟོང་ལྔ་དགུ་བརྒྱ་ཉེར་ལྔ་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་ཞིང་ཆེན་རིམ་པའི་ཆུ་བདག་ལྔ་དང་། གྲོང་ཁྱེར་རིམ་པའི་ཆུ་བདག་ཞེ་གཉིས། རྫོང་རིམ་པའི་ཆུ་བདག་ཉིས་བརྒྱ་གོ་དྲུག ཞང་རིམ་པའི་ཆུ་བདག་ཆིག་སྟོང་སུམ་བརྒྱ་ཉེར་བཞི། སྡེ་བ་རིམ་པའི་ཆུ་བདག་སྟོང་བཞི་ཉིས་བརྒྱ་ང་བརྒྱད་ཡོད། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོབ་བྱེད་མཁན་སྟོང་དགུ་བརྒྱད་བརྒྱ་ཞེ་གཉིས་དངོས་འབེབས་བྱས་ཡོད་པས། སྤྱི་ཚོགས་ཡོངས་སུ་ཆུ་བདག་ཡོད་པར་གྱུར་པ་དང་། རང་ཞིང་གིས་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོའང་མངོན་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱས་པའི་ཚུན་ལ། ཞིང་ཆེན་རིམ་པའི་ཆུ་བདག་གཙོ་བོས་སྣེ་ཁྲིད་དེ་ཆུ་བོར་དོ་དམ་དང་བཅོས་སྐྱོང་། སྲུང་སྐྱོབ་བཅས་བྱེད་པར་ཤུགས་སྣོན་བྱས་ནས་ཕན་འབྲས་ཐོན་པ་དང་། ཁྱད་པར་དུ་ཞིང་ཆེན་རིམ་པའི་འགན་ཁུར་ཆུ་བདག་གིས་འགན་འཁྲི་དང་དུ་བླངས་ནས། དོ་དམ་ཁོངས་གཏོགས་ཀྱི་ཆུ་བོ་དང་མཚེའུ་སྐོར་ཞིབ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ཏེ། རིམ་པ་སོ་སོའི་ཆུ་བདག་གིས་རང་འགན་གཙང་སྒྲུབ་བྱེད་པ་དང་རང་འགུལ་གྱིས་ཆུ་བོ་དང་མཚེའུར་སྐོར་ཞིབ་བྱེད་པར་སྐུལ་ཁྲིད་བྱས།
སྡོམ་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆུ་བདག་གིས་རིམ་བསགས་ཀྱིས་ཆུ་བོ་དང་མཚེའུར་སྐོར་ཞིབ་བྱས་ཚད་མི་ཐེངས་འབུམ་གཅིག་ཁྲི་གསུམ་ལས་བརྒལ་ཏེ། སྐོར་ཞིབ་ཀྱི་རྣམ་པ་རྒྱུན་རྣམ་ཅན་ཏུ་གྱུར།
ལོ་ཙཱ་བ། སྒྲོལ་མ་སྐྱིད།