མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ། ༼ ཁག་དྲུག་པ། ༽
2018.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

སྐྱེ་ཁམས་རིག་གནས་རིམ་བཞིན་ཆགས།

མུ་མཐུད་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས།   མིའི་རིགས་ཀྱི་བསམ་པའི་འདུ་ཤེས་དང་འཚོ་བའི་རྣམ་པ་ལའང་འགྱུར་ལྡོག་ཟབ་མོ་ཞིག་བྱུང་ཡོད་པ་རེད། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་དེ་ནི་མཛེས་སྡུག་ལྡན་པའི་ཁྱིམ་གཞི་ལ་སྲུང་སྐྱོབ་བྱས་པའི་སྤྱི་ཚོགས་ཀྱི་སྤྱིའི་འདུ་ཤེས་ཤིག་ཏུ་ངོས་འཛིན་བྱས་ཟིན་པ་དང་། སྐྱེ་ཁམས་རིག་གནས་ཀྱི་ཡིད་ཆེས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ལ།སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཉིན་རེ་བཞིན་མི་རྣམས་ཀྱི་སེམས་སུ་ཟུག་པར་བྱས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱུད་རིམ་ཁྲོད་དུ།མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱེད་པ་དང་། རིག་གནས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། སློབ་གསོའི་གསོ་སྦྱོང་སྤེལ་བ་དང་། མང་ཚོགས་ཟབ་ཞུགས་ཀྱི་ཚད་ཇེ་མཐོར་གཏོང་བ། སྔོན་ཐོན་མི་སྣར་གཟེངས་བསྟོད་བྱེད་པ་དང་། སྐྱེ་ཁམས་དུས་ཆེན་གསར་སྐྲུན་བྱེད་པ་སོགས་ཀྱི་ཁྱབ་རྒྱ་ཇེ་ཆེར་བཏང་བ་བརྒྱུད། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རིམ་བཞིན་ཁྱབ་གདལ་དུ་བཏང་།  རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རི་ཡིན་པ་དང་། དར་འཁྱག་གངས་རི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གསར་བས་རི་ཆུའི་ཐོན་ཁུངས་འཛད་མེད་དུ་སྤྱོད་པའི་སྲོལ་རྒྱུན་འདུ་ཤེས་ཀྱི་ཚབ་བྱས་ཡོད། རང་བྱུང་ལ་བརྩི་མཐོང་བྱེད་པ་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ལ་བརྩི་མཐོང་ཆེན་པོ་བྱེད་དགོས།

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་པའི་རིག་གནས་ཀྱི་རྨང་གཞིའི་འཛུགས་སྐྲུན་གཙོ་བོའི་ལས་གཞི་སྤེལ་བ་དང་། ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་ཆས་བཟོ་སྐྲུན་དང་འཁོར་སྐྱོད་གློག་བརྙན་ཞབས་ཞུའི་བཟོ་སྐྲུན། ཞིང་ཁྱིམ་དཔེ་ཁང་བཟོ་སྐྲུན། སྡེ་བ་རིམ་པའི་རྒྱང་སྒྲོག་ཆ་འཕྲིན་ཐོན་ཁུངས་མཉམ་རོལ་བཟོ་སྐྲུན། སྡེ་བའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་འཐུས་ཚང་དུ་གཏོང་བའི་བཟོ་སྐྲུན། ཉི་འོད་ནུས་པའི་སྤྱི་པའི་གློག་འོད་བཟོ་སྐྲུན་སོགས་འཛུགས་སྐྲུན་བཟོ་སྐྲུན་བཅས་སྤེལ་བ་དང་། རིག་གནས་ཐང་ཆེན་སྟོང་གཅིག་དང་དྲུག་བརྒྱ་བཅུ་དྲུག་འཛུགས་སྐྲུན་བྱས། ས་ཁུལ་དང་གྲོང་ཁྱེར་གྱི་མང་ཚོགས་སྒྱུ་རྩལ་ཁང་དང་། རྫོང་ཁོངས་ཀྱི་ཕྱོགས་བསྡུས་རིག་གནས་བྱ་འགུལ་ལྟེ་གནས། ཞིན་ཧྭ་དཔེ་ཁང་། ཞང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ས་ཚིགས་དང་། ཞིང་ཁྱིམ་དཔེ་ཁང་བཅས་ཁྱོན་ཡོངས་ལ་ཁེབས་ཡོད། དེ་དང་ཆབས་ཅིག ལོ་རེར་ནུས་ཁུངས་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་དང་ཐཱན་དམའ་བའི་ཉིན་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་། དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་ཞང་སྡེ་སོགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྣ་ཚོགས་གསར་འཛུགས་བྱེད་པའི་ཁྲོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་སྔོན་ཐོན་དཔེ་སྟོན་གྱི་གཟེངས་བསྟོད་སྣ་ཚོགས་སྤེལ་བའི་གཞི་འཛིན་ས་གལ་ཆེན་ཞིག་རེད།

ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་ལ་བསྟན་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་དང་།གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་མཐོར་འདེགས་སུ་བཏང་ནས་རྒྱུན་མཐུད་ངང་རང་ཁྱིམ་གཞིས་ཁུལ་དུ་ཡོད་ཀྱང་། ཡིད་འོང་ལྔ་ལྡན་གྱི་ཁྱིམ་ཚང་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་སྤེལ། བསྟུན་མར་ཁོར་ཡུག་གཙང་བསྒྱུར་དང་།སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་དང་བླངས་ཞབས་ཞུ་སྤེལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཞིང་སྡེ་དཔལ་ཡོན་ཆགས་པར་བྱེད་པའི་བསམ་པའི་དཔལ་ཡོན་གྱི་བྱ་འགུལ་སྤེལ། སྡེ་བ་དང་སྡོད་མིའི་དང་བླངས་ཞབས་ཞུའི་ལས་དོན་རུ་ཁག་བཙུགས་ནས་སྡེ་བའི་འཕྲོད་བསྟེན་དང་། སྡོང་འཛུགས་ནགས་སྐྲུན། ཆུའི་མགོ་ཁུངས། སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་སོགས་ཀྱི་བྱ་འགུལ་སྤེལ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས།

གཟབ་ནན་སྒོས་མགོ་ཁུངས་སྲུང་སྐྱོབ་ལམ་ལུགས་དང་། གནོད་འཚེ་ལ་སྐྱིན་ཚབ་འཇལ་བའི་ལམ་ལུགས། འགན་འཁྲི་བདའ་འདེད་ལམ་ལུགས་བཅས་ཀྱི་ལག་བསྟར་བརྒྱུད་ནས། ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིད་ཕྱོགས་སྣེ་འདྲེན་ནུས་པའི་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་འགྱངས་བར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་ཁུལ་ཡོངས་ཀྱི་ལས་བྱེད་པའི་སྐུད་གནས་སློབ་གསོའི་སློབ་སྦྱོང་གི་ནང་དོན་དུ་བཅུག་ནས། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་། ཏང་སྲིད་ལས་བྱེད་པ།རོང་འབྲོག་མང་ཚོགས་བཅས་ལ་ཁ་ཕྱོགས་ནས་རིམ་པ་མི་འདྲ་བའི་ཀན་ལྷོ་ཁུལ་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་ཀློག་དེབ་རྩོམ་སྒྲིག་འགྲེམས་སྤེལ་བྱས། ཁོར་སྲུང་དྲ་ཚུགས་ཤར་གཏོང་ཐུབ་པར་བྱེད་པ་དང་། ཁོར་སྲུང་གི་སྤྱི་ཕན་བརྡ་ཁྱབ་གཏོང་བ། ལག་ཁྱེར་ཁ་པར་གྱི་ཁོར་སྲུང་བརྡ་འཕྲིན་མཉམ་གཏོང་བྱས་ནས། སྐྱེ་ཁམས་ལ་བསྟན་ནས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་དགའ་ཡོད་པའི་རྩོམ་བསྡུ་སྤེལ།  རིམ་པ་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་སྲུང་འདུ་ཤེས་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱེད་པ་མཐོར་འདེགས་སུ་བཏང་བ་དང་། ཁོར་ཡུག་གཅེས་སྤྲས་ཀྱི་དར་སྲོལ་ལེགས་པོ་ཞིག་འཛུགས་སྐྲུན་བྱེད་དགོས།

མཚོ་སྔོན་ཞིང་ཆེན་གྱིས་དཔལ་ཡོན་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱ་འགུལ་ལག་བསྟར་སྤེལ་བའི་སྐོར་གྱི་བསམ་འཆར་འགྲེམས་སྤེལ་བྱས་ནས། དྭགས་གཙང་གི་རྨ་འབྲི་རྫ་གསུམ་དང་། མ་ཡུམ་ཆུ་བོ་ལ་སྲུང་སྐྱོབ། མཚོ་སྔོན་པོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བཅས་དང་བླངས་ཞབས་ཞུའི་བྱེད་སྒོ་ཆེས་གྲས་སྤེལ་ནས་གོམས་སྲོལ་བསྒྱུར་བ་དང་ཐོན་སྐྱེད་འཚོ་བའི་གོམས་སྲོལ་གསར་བ་དར་སྤེལ་དུ་གཏོང་དགོས།ལྗང་མདོག་གི་རྩིས་ཞུ་བཟང་པོ་བྱེད་པ་དང་། ལྗང་མདོག་གི་བགྲོད་ལམ་དུ་བསྐྱོད་པ། མིང་གྲགས་ཐོན་རྫས་བསྐྲུན་པ་བཅས་ཀྱི་ཁོར་སྲུང་གི་འདུ་ཤེས་དང་།སྐྱེ་ཁམས་ནི་ཆུ་ལྟ་བུ་ཡིན་ལ།འཕེལ་རྒྱས་ནི་གྲུ་གཟིངས་ལྟ་བུར་ཡིན་པའི་སྐྱེ་ཁམས་ཀྱི་འདུ་ཤེས་རིམ་བཞིན་མི་རྣམས་ཀྱི་སེམས་སུ་ཟུག་པར་བྱས། ལྗང་མདོག་གི་འཚོ་བ་རོལ་སྟེང་ཉིན་རེ་བཞིན་ཆགས་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མུ་མཐུད་དུ་གཏིང་ཟབ་དུ་སོང་བ་དང་བསྟུན་ནས། མཐོ་སྒང་གི་རོང་འབྲོག་མང་ཚོགས་རྣམས་མི་དང་ཕྱུག་ཟོག་མཉམ་སྡོད་བྱེད་པ་དང་། གླ་ཕོག་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་འཚོ་བ་རོལ་སྟེང་དེ་ལ་རིམ་བཞིན་འགྱུར་ལྡོག་བྱུང་ནས།ལྗང་མདོག་གི་འཛུགས་སྐྲུན་དང་།ལྗང་མདོག་གི་ནུས་ཁུངས།དག་གཙང་གི་སྡོད་ཁུལ།ལྗང་མདོག་གི་འགྲོ་འདུག་སོགས་ཉིན་རེ་བཞིན་དགའ་བསུ་ཐོབ་པའི་འཚོ་བ་རོལ་སྟེང་ཞིག་ཏུ་གྲུབ་ཡོད།  མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་ཁུལ་སོ་སོས་ཧུར་ཐག་སྒོས་ནུས་ཁུངས་གསར་བ་སྣང་མང་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས། ཉི་མའི་ནུས་ཁུངས་གཙོ་བོ་ཡིན་པའི་ནུས་ཁུངས་གསར་བ་དེ་དྲོད་ལེན་དང་། ཟ་མ་ལས་པ། གློག་སྒྲོན། ཞིང་དུ་ཆུ་འདྲེན་པ། རྒྱས་འཕྲིན་སོགས་ཐོན་སྐྱེད་འཚོ་བའི་ཕྱོགས་སོ་སོར་ཁྱབ་རྒྱ་ཆེ་བའི་སྒོ་ནས་བཀོལ་སྤྱོད་བྱས། གཞན་དབང་ཅན་གྱི་ཉི་མའི་ཁང་བ་ནི་བོད་ལྗོངས་ཀྱི་ཉི་མའི་ནུས་ཁུངས་བཀོལ་སྤྱོད་བྱས་པ་ཅུང་སྔ་བའི་ལག་རྩལ་གྲས་ཀྱི་གཅིག་རེད། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་ནང་རིམ་བཞིན་དུ་མངའ་རིས་དང་། ནག་ཆུ། ལྷ་ས་བཅས་ཀྱི་ས་གནས་དང་ཁུལ་དུ་ཁྱབ་གདལ་དང་བཀོལ་སྤྱོད་བྱས། ཉི་མའི་ཁང་བའི་ནུས་ཁུངས་ཀྱིས་གཞི་རྩའི་སྟེང་ནས་དགུན་ཁའི་དྲོད་སྲུང་གི་རེ་བ་བསྐངས་བ་དང་། འཚོ་བའི་ཁོར་ཡུག་ལེགས་བཅོས་དང་། འཚོ་བའི་སྤུས་ཀ་མཐོར་འདེགས་སུ་བཏང་། ཁང་བའི་ནུས་ཁུངས་ཁོར་སྲུང་གི་ཚད་དེ་རོང་འབྲོག་མང་ཚོགས་ཀྱི་ཁང་བ་འཛུགས་སྐྲུན་དུས་ཀྱི་ཇུས་ཆོད་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ཏུ། ཆུའི་ཐོན་ཁུངས་དང་། ཉི་མའི་ཐོན་ཁུངས། རྫབ་རླངས་བཅས་གཙོ་བོ་ཡིན་པའི་དྭངས་གཙང་གི་ནུས་ཁུངས་ཕལ་ཆེར་བོད་རང་སྐྱོང་ལྗོངས་ཀྱི་ལྕི་བའི་གློག་ཤུགས་ཀྱི་སྤྱིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་ཤོང་ཚད་ལས་བརྒྱ་ཆའི་གྱ་བདུན་ལ་སླེབས་ཡོད།ཉི་ཐབ་ཁྲི་བཞི་བཅུ་ལྷག་དང་།ཉི་མའི་ནུས་ཁུངས་ཀྱི་ཆུ་སྐོལ་ཆས་སྨི་གྲུ་བཞི་མ་ཁྲི་ཞེ་ལྔ་ཁྱབ་སྤེལ་བྱས།  གཞན་དབང་ཅན་གྱི་ཉི་མའི་ཁང་བ་ཕལ་ཆེར་སྨི་གྲུ་བཞི་མ་ཁྲི་ཞེ་གཉིས་ཡོད་ལ་དེས་རོང་འབྲོག་མང་ཚོགས་རྣམས་སྲོལ་རྒྱུན་གྱི་འབར་རྫས་ལ་བརྟེན་པ་ཇེ་དམའ་རུ་བཏང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རོང་འབྲོག་ཁུལ་གྱི་གཞན་དབང་ཅན་གྱི་ཉི་མའི་ནུས་ཁུངས་ཀྱི་དྲོད་ཁང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། ཉི་ཐབ་དང་། ཉི་མའི་ནུས་ཁུངས་ཀྱི་ཆུ་སྐོལ་ཆས། ཉི་མའི་ནུས་ཁུངས་ཀྱི་གློག་རྫས། ཁྱིམ་བཀོལ་རླུང་ཤུགས་ཀྱི་གློག་འདོན་ཆས་སོགས་ཁྱབ་གདལ་དུ་བཏང་ནས། གློག་གིས་རྡོ་སོལ་གྱི་ཚབ་བྱེད་པ་དང་། གློག་གིས་ལྕི་བའི་ཚབ་བྱེད་པ་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་།ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་བསགས་ཉི་ཐབ་ཁྲི་བཅུ་ལྷག་དང་།ཉི་མའི་ནུས་ཁུངས་ཀྱི་ཆུ་སྐོལ་ཆས་ཁྲི་གཅིག་ལྷག ཉི་མའི་ནུས་ཁུངས་ཀྱི་གློག་རྫས་སྟོང་དགུ་དང་ཉིས་བརྒྱ་བཅས་ཁྱབ་གདལ་དུ་བཏང་། གཞན་དབང་ཅན་གྱི་ཉི་མའི་ནུས་ཁུངས་ཀྱི་དྲོད་ཁང་ཁྲི་གཅིག་ལྷག་དང་།  དཔེ་སྟོན་རྒྱ་ཁྱོན་ཁྲི་བརྒྱ་དང་སུམ་བཅུ་ལྷག་ལ་སླེབས་ཡོད། གློག་དྲོད་སྟེགས་བུ་དང་།འོད་ཤུགས་དྲོད་འདོན་སོགས་ཀྱི་དྲོད་ལེན་རྣམ་པས་རིམ་བཞིན་དུ་ལྕི་བ་དང་རྡོ་སོལ་སྦར་བའི་སྲོལ་རྒྱུན་བྱེད་སྟངས་ཀྱི་ཚབ་བྱས། སྦགས་བཙོག་ཕྱིར་གཏོང་ཇེ་ཉུང་དུ་གཏོང་བ་དང་།འཚོ་བའི་ཁོར་ཡུག་ལེགས་བཅོས་དང་། འཚོ་བའི་ཆ་རྐྱེན་མཐོར་འདེགས་སུ་བཏང་། མཉམ་དུ་རྩྭ་ས་ཚད་ལས་བརྒལ་བར་ལེན་པ་ཇེ་དམའ་རུ་བཏང་ནས། རྩྭ་སའི་སྐྱེ་ཁམས་མ་ལག་སླར་གསོ་དང་ལེགས་བཅོས་ལ་སྐུལ་འདེད་བཏང་།
མདོ་དབུས་མཐོ་སྒང་གི་ཞིང་དང་ཁུལ་སོ་སོས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་པ་བརྒྱུད་ནས། གསང་སྤྱོད་ཁང་བསྒྱུར་བཀོད་དང་།སྤྱིལ་ཁང་བསྒྱུར་བཀོད།སྡོད་ཁང་བསྒྱུར་བཀོད་བཅས་ཀྱི་བྱ་འགུལ་སྤེལ།འཚོ་བའི་གད་སྙིགས་འཚོལ་བསྡུ་བརྒྱུད་འདྲེན་དང་། འཚོ་བའི་བཙོག་ཆུ་འཚོལ་བསྡུ་ཐག་གཅོད། འཐུང་ཆུའི་ཆུ་ཁུངས་ཁུལ་སྲུང་སྐྱོབ་དང་། སོག་མ་ཕྱོགས་བསྡུས་བེད་སྤྱོད། འཛེར་སྒྲ་ཕྱོགས་བསྡུས་བཅོས་སྐྱོང་། མི་དང་ཕྱུག་ཟོག་གི་གཅིན་སྐྱག་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས། གད་སྙིགས་གང་བྱུང་དུ་གཡུག་པ་ཇེ་ཉུང་དུ་གཏོང་བ་དང་། རང་སྒེར་སྒོས་འཛུགས་སྐྲུན་བྱེད་པ་དང་། གང་བྱུང་དུ་ས་བརྐོ་རྡོ་སློག་བྱེད་པ། གང་འདོད་ཀྱིས་མེར་བསྲེག་པ་སོགས་མ་རབས་ཀྱི་སྣང་ཚུལ་དང་། སྡོད་ཁང་། འཐུང་ཆུ། འགྲོ་འདུག་སོགས་སྡོད་ཁང་གི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་བྱུང་ནས། རྨང་གཞིའི་སྟེང་དྭངས་གཙང་དང་གཙང་དག སྟབས་བདེ་བཅས་མངོན་འགྱུར་བྱུང་།ཉིས་སྟོང་བཅུ་བདུན་ལོར་བོད་ལྗོངས་ལྷ་ས་རུ་སྤྱི་སྤྱོད་རྐང་འཁོར་དར་བ་དང་།  དེ་ནི་མང་ཚོགས་ཀྱི་འགྲོ་འདུག་སྐྱོད་གསུམ་གྱི་གདམ་ག་ཞིག་ཏུའང་གྱུར་ཡོད་པས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཡུལ་ལྗོངས་ཀྱི་རྣམ་པ་ཞིག་མངོན་ཡོད། བོད་ལྗོངས་དང་ཟི་ལིང་སོགས་མཐོ་སྒང་གྲོང་ཁྱེར་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་གྲངས་འབོར་བརྟན་འཇགས་ངང་མཐོར་འདེགས་སུ་སོང་། ཇོ་མོ་གླང་མ་དང་། མ་ཕམ་གཡུ་མཚོ་སོགས་རང་བྱུང་སྲུང་སྐྱོབ་སྲོག་ཤིང་ཁུལ་དུ་ནུས་ཁུངས་གསར་བའི་རླངས་འཁོར་གྱི་སྐྱེལ་གཉེར་ཞབས་ཞུ་མངོན་འགྱུར་བྱུང་། ལྗང་མདོག་གི་འགྲིམ་འགྲུལ་དང་། དཔལ་ཡོན་ལྡན་པའི་ལྗོངས་རྒྱུས་འགྲོ་འདུག་གི་རྣམ་པ་གསར་བ་ཞིག་འགྲུབ་པར་བྱས་ཡོད།སྐྱེ་ཁམས་རིག་གནས་ཡིད་ཆེས་བསྟུད་མར་ཇེ་དྲག་ཏུ་བཏང་།མདོ་དབུས་མཐོ་སྒང་གི་མཛེས་སྡུག་གི་ཡུལ་ལྗོངས་དང་།  སྐྱེ་ཁམས་ཀྱི་མ་གཞི་ལེགས་པོ།  དེར་མ་ཟད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་བླངས་པའི་གྲུབ་འབྲས་གྱིས་ས་གནས་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་ཡིད་ཆེས་ཤུགས་ཆེན་པོས་མཐོར་འདེགས་སུ་བཏང་།མཛེས་སྡུག་གི་གྲོང་གསེབ་དང་། དཔལ་ཡོན་ལྡན་པའི་སློབ་ར།དཔལ་ཡོན་ལྡན་པའི་ཁྱིམ་ཚང་སོགས་རྣམ་པ་མི་འདྲ་བའི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་བྱ་འགུལ་གྱིས་མཐོ་སྒང་མི་དམངས་ལ་ཆ་མཚོན་ན་སྙིང་སྟོབས་ཀྱི་རང་མདངས་གསར་བ་ཞིག་མངོན། མི་རྣམས་སྐྱེ་ཁམས་འཛུགས་སྐྲུན་ལ་ཟབ་ཞུགས་བྱེད་པའི་ཧུར་ཐག་རང་བཞིན་དང་།རང་འགུལ་རང་བཞིན་དག་བསྟུད་མར་ཇེ་དྲག་ཏུ་བཏང་ནས་བདེ་སྐྱིད་ཀྱི་ཚོར་བ་དང་། ཐོབ་པའི་ཚོར་བ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་བས་རི་སྔོ་ཆུ་དྭངས་དང་རི་ཀླུང་ཁ་བས་བཀླུབས་པའི་སྤོབས་སེམས་ལྡན་པར་བྱས། ཉིས་སྟོང་བཅུ་བདུན་ལོར་བོད་རང་སྐྱོང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་དམིགས་ཏེ། རང་སྐྱོང་ཁུལ་སོགས་སྐྱེ་ཁམས་ཀྱི་རྫོང་བཅུ་དང་སྐྱེ་ཁམས་ཀྱི་གྲོང་རྡལ་བརྒྱ་དང་དོན་གསུམ། སྐྱེ་ཁམས་སྡེ་བ་སྟོང་གཅིག་དང་དགུ་བརྒྱ་ཉེར་བཞི་བཅས་འཛུགས་བསྐྲུན་བྱས། ཉིང་ཁྲི་གྲོང་ཁྱེར་བྲག་གཡབ་རྫོང་རྒྱལ་ཡོངས་ཀྱི་ཐོག་དང་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་དུ་གནང་། མཚོ་སྔོན་ཞིང་ཆེན་དུ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་སྟོང་གཅིག་དང་ཉིས་བརྒྱ་འཛུགས་བསྐྲུན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དུ་གྱུར།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་གཅིག་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཞིང་གྲོང་སོ་སོར་བཅུ་དྲུག་དང་ལྔ་བཅུ། ཞིང་ཆེན་རིམ་པའི་སྐྱེ་ཁམས་སྡེ་བ་སུམ་བཅུ་བཅས་གསར་འཛུགས་བྱས། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་སྡེ་བ་འཛུགས་སྐྲུན་བྱས།ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཞིང་གྲོང་སོ་སོ་གཉིས་དང་བཅུ་བཞི། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་སྡེ་བ་བཅུ་བཞི་དང་བཅུ་གཅིག་གསར་འཛུགས་བྱས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་འདི་དག་གིས་མི་སྡོད་ཁོར་ཡུག་དང་དམངས་ཚིས་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་བྱུང་བ་དང་། མཐོ་སྒང་མི་དམངས་ཀྱི་ཆེས་མཐའ་མཇུག་གི་ས་ཆ་གཙང་ཤོས་དེ་ལ་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་།
ཉིས་སྟོང་བཅུ་བདུན་ལོར། མཚོ་སྔོན་ཨ་ཆེན་གངས་རྒྱབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཐེངས་ཞེ་གཅིག་པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྟེང་བདེ་ལེགས་ངང་འཛམ་གླིང་ཤུལ་བཞག་མིང་ཐོ་རུ་ཚུད་པ་དང་།ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བ་དང་། ཆ་སྙོམས་ཀྱི་མཐོ་ཚད་ཆེས་མཐོ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་གནས་སུ་གྱུར། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་དཔྱད་དཔོག་སྙན་ཞུ་ཁྲོད་བཤད་རྒྱུར། ཨ་ཆེན་གངས་རྒྱབ་མུ་མཐའ་མེད་པ་དང་།དེང་རབས་མིའི་རིགས་བྱ་འགུལ་གྱི་ཕོག་ཐུག་ཧ་ལམ་ཐེབས་མེད་ལ།མཛེས་སྡུག་གི་ཡུལ་ལྗོངས་ལ་མི་རྣམས་ཀྱི་བསྟོད་བསྔགས་ཡང་ཡང་བྱེད་བཞིན་ཡོད།ཨ་ཆེན་གངས་རྒྱབ་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་དེས་མཐོ་སྒང་དུ་འཚོ་བ་རོལ་བའི་མི་རྣམས་ལ་རང་བྱུང་སྲུང་སྐྱོབ་དང་། ཚེ་སྲོག་ལ་བྱམས་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤོབས་སེམས་དང་འགན་འཁུར་ལ་སྐུལ་སློང་བྱས། 
མཇུག་མཐར། དུས་ཡུན་རིང་བོའི་འབད་བརྩོན་ལྷོད་མེད་བརྒྱུད་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་པ་དང་། མཐོ་སྒང་སྐྱེ་ཁམས་ཀྱི་བདེ་འཇགས་ལྕགས་རིའི་བྱེད་ནུས་བརྟན་འཇགས་དང་ས་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་སུ་བཏང་།

དེར་བསྟུན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔར་བཞིན་འགྲན་རྩོད་མང་པོ་ཞིག་ལ་གདོང་གཏོད་དགོས་པ་དང་། མངོན་གསལ་སྒོས་འབུར་དུ་ཐོན་པ་ནི། གོ་ལ་ཧྲིལ་བོའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཡོད་དེ། འཁྱག་རོམ་ཞན་འགྱུར་དང་། ས་འཁྱགས་དྲོས་པ། གནོད་འཚེའི་ཉེན་ཁ་ཆེ་བའི་འཇིགས་སྐུལ་བཅས་སྔར་བཞིན་གནས་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་བ་སྔར་བཞིན་མངོན་གསལ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བར་འགན་འཁྲི་སྔར་བཞིན་དཀའ་ཚེགས་ཆེ།རྗེས་ཕྱོགས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད། ཀྲུང་གོའི་མི་འགྱངས་པར་མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་བཅོས་བསྒྱུར་བྱས་ནས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་། ཚན་རིག་གི་མིའི་རིགས་ཀྱི་བྱ་འགུལ་ལ་སྙོམས་སྒྲིག་དང་། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་མ་ལག་ལེགས་བསྒྱུར་དང་། ཤུགས་ཡོད་རྒུའི་མངོན་གསལ་དོད་པོའི་སྐྱེ་ཁམས་དང་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས།

ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་དང་བདེ་འཇགས་ཚད་མཐོའི་ནུས་ཁུངས་མ་ལག་འཐུས་ཚང་དུ་བཏང་ནས། ཐོན་སྐྱེད་འཚོ་བའི་རྣམ་པར་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཐོ་སྒང་གི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་སྟེགས་བུའི་མ་ལག་དང་བྱེད་ནུས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དར་སྤེལ་དུ་གཏོང་དགོས།

མདོ་དབུས་མཐོ་སྒང་ནི་རང་བྱུང་ཁམས་ཀྱི་ཀྲུང་གོ་མི་དམངས་དང་མིའི་རིགས་ཡོངས་ལ་གནང་བའི་རྒྱུ་ནོར་རེད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱི་འགན་འཁྲི་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚོགས་འདུའི་སྟེང་བསྟན་དོན། ང་ཚོའི་འཛུགས་སྐྲུན་བྱེད་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན།གཅིག་ནས་དངོས་པོའི་འབྱོར་ཕྱུག་དང་བསམ་པའི་འབྱོར་ཕྱུག་གསར་གཏོད་བྱེད་དགོས་པ་དང་། མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྐོང་དགོས། གཉིས་ནས་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱིས་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་ཤིང་ཡིད་དུ་འོང་བའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་འདོན་སྤྲོད་བྱེད་དགོས། དུས་རབས་གསར་བའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་དོན་ཡིན། ཀྲུང་གོ་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མདོ་དབུས་མཐོ་སྒང་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཡོད་པ་དང་།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས།
                                                                                                                           ལོ་ཙཱ་བ། སྐར་མ་མཚོ།