རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་སྐབས་བརྗེ་འདེམས་བསྐོ་བྱ་བའི་ཚོགས་ཆེན་བསྡུས།
2018.08.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 141

 ཉེ་ལམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་སྐབས་བརྗེ་འདེམས་བསྐོ་ཚོགས་ཆེན་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གཉིས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཡང་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད། གྲོས་ཚོགས་ལས་འདེམས་བསྐོ་བརྒྱུད་དེ་བློ་མཐུན་སྟག་འབུམ་ཐར་ལས་འཛིན་དཔོན་པོར་བདམས་ཐོན་བྱུང་བ་དང་། ལིག་ཝེ་མེན་དང་ཝང་ཅི་ཆིན། དཀོན་མཆོག་བཅས་ལས་འཛིན་དཔོན་པོ་གཞོན་པར་བསྐོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་བྱ་བར་བླང་བྱ་བཏོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རེ་བ་ཡིན་ན་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་དང་ལས་དོན་ལྟ་སྐུལ་ལྷན་ཚོགས། ཆེད་མཁས་པའི་འདྲི་རྩད་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ། སྔར་ལས་ལྷག་པའི་གཟི་བརྗིད་བརྩོན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཁྲིད་སྟོན་གྱི་འོག་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ནས། ལྔ་བཞི་འཐབ་ཇུས་ལག་ལེན་གཏིང་ཟབ་དང་། ཧུར་ཐག་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་ནས། གཞུང་སྒྲུབ་ཚོགས་པའི་སྤྱིའི་དགོངས་དོན་རྒྱུན་འཁྱོངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གང་ཡོད་གཅིག་བསྡུས་བྱས་ཏེ། བྱེད་ནུས་ཁྱད་པར་ཅན་འདོན་སྤེལ་བྱས་ནས། བར་མ་ཆད་པའི་སྒོ་ནས་སྤྱི་ཚོགས་ཧྲིལ་བོའི་ཡིད་རྟོན་དང་ཤུགས་རྐྱེན་ཇེ་དྲག་ཏུ་བཏང་མཐར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་བཙུགས་པ་ནས་བཟུང་། ཕྱོགས་སོ་སོའི་ཐུན་མོང་ལྟ་ཚུལ་གཅིག་བསྡུས་བྱེད་པ་དང་། བསམ་ཚུལ་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་མཉམ་འཛུགས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྟོབས་ཤུགས་གང་ཡོད་བཏོན་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བསྐྲུན་པར་ནུས་ལྡན་གྱི་བྱེད་ནུས་གལ་ཆེན་བཏོན་ཡོད། རེ་བ་ཡིན་ན་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཁྲོད་ཟིན་པའི་གོ་གནས་གལ་ཆེན་ལ་གོ་བ་ཡང་དག་བླངས་ནས། ལས་དོན་ཡར་ལྡན་དུ་སྤེལ་བར་འཆར་འགོད་བཟང་བོ་འཐེན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་འདེགས་སྐྱོར་གྱི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

གཞན་ཡང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཉེ་ལམ་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དབུས་ལམ་གོང་མའི་སྲུང་སྐྱོབ་ས་ཚིགས་ནས། འབྲོག་པ་སྐྱེ་ཁམས་དོ་སྲུང་བ་བཞི་བཅུས་གྲུབ་པའི་གཙོད་གནས་སྤོའི་སྲུང་སྐྱེལ་རུ་ཁག་ལ་དར་ཆ་གནང་། སྲུང་སྐྱེལ་རུ་ཁག་དེས་ལོ་རེའི་གནས་སྤོ་དུས་སྐབས་སུ་ཐག་རིང་ས་ནས་གཙོད་ཕྲུག་བཙའ་རྒྱུ་ཡོད་པའི་གཙོད་ལ་སྲུང་སྐྱེལ་བྱས་ནས། གཙོད་ཁྱུ་ཉེ་འགྲམ་གྱི་འཚོ་སྡོད་བྱེད་གནས་ནས་ཕྲུ་གུ་བཙའ་སའི་བར་དུ་བདེ་འཇགས་ངང་འགྲོ་འོང་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུ་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡིས་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་དཔོན་གཞོན་པ་ཧན་ཅན་ཝུའུ་ཡིས་བཤད་རྒྱུར། ཉེ་ལམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་གཙོད་གནས་སྤོའི་སྲུང་སྐྱེལ་རུ་ཁག་ཐོག་མ་བཙུགས་པ་མ་ཟད། ངེས་མཁོའི་འགན་སྲུང་ཆ་སྡེབས་དངོས་ཟོག་བྱིན་པ་དང་། རྗེས་ཕྱོགས་སུ་རུ་ཁག་གི་རུ་མིས་རང་བྱུང་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་། གཙོད་ཀྱི་འཚོ་སྡོད་ལ་གནོད་མི་སྐྱེལ་བའི་སྔོན་འགྲོ་འོག རྩ་འཛུགས་ཡོད་པ་དང་འཆར་གཞི་ལྡན་པའི་སྒོ་ནས་གཙོད་ཁྱུ་གནས་སྤོ་བར་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། དུས་ཚོད་དང་པོའི་ནང་འབྲེལ་ཡོད་ཀྱི་འཕྲལ་བསྟུན་མྱུར་སྐྱོབ་དང་ཐག་གཅོད་སོགས་བྱ་བ་སྤེལ་རྒྱུ་ཡིན་ཟེར། །

                                                                                                                           རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།