གཙང་གསུམ་འབྱུང་ཡུལ་གྱི་ཆུ་སྤུས་ཇེ་བཟང་དང་སྐྱེ་ཁམས་གནས་ཚུལ་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བ།
2018.08.22 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

 མཚོ་སྔོན་ཞིང་ཆེན་གྱི2017ལོའི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས་ཡི་གེ་ཉེ་ཆར་སྤེལ་བ་དང་། ཆེས་གསར་པའི་ལྟ་ཞིབ་ཚད་ལེན་མཇུག་འབྲས་ལས་མངོན་པ་ལྟར་ན། རང་ཞིང་གི་གཙང་གསུམ་འབྱུང་ཡུལ་གྱི་ཁོངས་སུ་བཞུར་བའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུའི་ཆུ་ལག་བཞུར་རྒྱུད་ཀྱི་ཆུ་སྤུས་ཇེ་བཟང་དུ་ཕྱིན་པ་དང་། ས་དེའི་སྔོ་ཁེབས་ཚད་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ཞིང་། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་ཀྱིས95%ལས་བརྒལ་ཏེ། སྐྱེ་ཁམས་རྣམ་པ་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ།

གཙང་གསུམ་འབྱུང་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་གནས་ཤིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། ཡ་གླིང་གི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ཡོལ་གཙོ་བོ་ཞིག་ཡིན། གཙང་གསུམ་འབྱུང་ཡུལ་གྱི་ཆུ་འགོའི་སྐྱེ་ཁམས་འགན་འཁྲི་ལག་ལེན་དོན་འཁྱོལ་ཡོང་ཆེད།2017ལོར། རང་ཞིང་གིས་ཁྱོན་ཡོངས་ནས་གཙང་གསུམ་འབྱུང་ཡུལ་གྱི་ཆུའི་སྦག་བཙོག་འགོག་བཅོས་དང་། ཐལ་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་བ་དང་། རྨ་ཆུའི་མགོ་ཁུངས་སོགས་སུ་ཐཱན་མཐོའི་ཆ་རྡུལ་ཚ་གློག་ཁྲོ་ཐབ་ཁྱབ་སྤེལ་བཏང་སྟེ། དྭངས་གཙང་དྲོད་རླངས་མཁོ་འདོན་དང་ཕྱིར་གཏོང་མེད་པ་མངོན་འགྱུར་བྱུང་སྟེ། རྒྱ་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་སྡོང་པོ་འཛུགས་དཀའ་བའི་གནད་དོན་ཐག་བཅད་པ་དང་། རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར་གྱི་གཞི་རྒྱ་སྔར་ལོ་ལས་ལྡབ2.5ལ་སླེབས།

ཆེས་གསར་བའི་དཔྱད་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། 2017ལོར་འབྲི་ཆུའི་འབྱུང་ཁུངས་ཆུ་ལག་གི་ལྟ་ཞིབ་ཚད་ལེན་བྱེད་སའི་བཅད་ངོས8དང་། རྨ་ཆུའི་འབྱུང་ཁུངས་ཆུ་ལག་གི་ལྟ་ཞིབ་ཚད་ལེན་བྱེད་སའི་བཅད་ངོས30དང་། རྫ་ཆུའི་འབྱུང་ཁུངས་ཆུ་ལག་གི་ལྟ་ཞིབ་ཚད་ལེན་བྱེད་སའི་བཅད་ངོས5ཡི་ཆུ་སྤུས་ཆ་སྙོམས་ཀྱིས་རིགས་གཉིས་པའི་ཡན་གྱི་ཚད་གཞིར་སླེབས་ཤིང་། གནས་ཚུལ་བཟང་བ་དང་། བལ་དཀག་དང་། ཐིམ་པ། བཙགས་པ་སོགས་རྒྱུན་རྣམ་གཙང་སྒྱུར་བྱེད་ཐབས་བརྒྱུད་འཚོ་བའི་འཐུང་ཆུ་མཁོ་འདོན་བྱེད་ཐུབ་སོང་། 2017ལོར། ས་ཁུལ་དེ་ནས་སྨད་རྒྱུད་ལ་བསྐྱལ་བའི་ཆུའི་གྲངས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལས་བརྒལ།

2017ལོར་གཙང་གསུམ་འབྱུང་ཡུལ་གྱི་གནམ་གཤིས་ཁོར་ཡུག་གནས་ཚུལ་ཡང་ལེགས་པའི་ཚད་དུ་སླེབས།2017ལོར་ས་ཁུལ་དེའི་མཁའ་དབུགས་ཁྲོད་རྔུབ་ཐུབ་པའི་ཕྲ་རྡུལ་དང་། རྡུལ་རིལ་སོགས་སྦག་བཙོག་དངོས་པོའི་ཆ་སྙོམས་སྟུག་ཚད་ཇེ་དམའ་རུ་ཕྱིན་པ་དང་། དབྱང་གཉིས་ཐཱན་རྫས་དང་དཀུ་དབྱང་གི་ཉིན་རེའི་ཆ་སྙོམས་གྲངས་ཨང་བརྒྱ་ཆའི90ཡི་གནས་ནས་སྟུག་ཚད་ན་ནིང་གི་དུས་མཉམ་ལས་ཇེ་མཐོར་ཕྱིན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་ས་ཆ་སོ་སོའི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི95ལས་བརྒལ།

2017ལོར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་བཟང་དུ་འཕེལ་བའི་རྣམ་པ་མངོན་ཡོད། ན་ནིང་གཙང་གསུམ་འབྱུང་ཡུལ་གྱི་སྔོ་ཁེབས་ཚད74%ལ་སླེབས་པ་དང་། རྩྭའི་ཐོན་སྐྱེད་ཚད་སྤྱི་ཆིངས་རེ་ནས་སྟོང་ཁེ3082དང་། སྡོང་པོ་དང་ཤིང་ཕྲན་ནགས་ཚལ་གྱི་སྟུག་ཚད་དང་སྐྱེ་དངོས་གྲངས་འབོར་ལོ་སྔོན་མ་དང་བསྡུར་ན་ཅུང་ཙམ་ཇེ་མང་དུ་ཕྱིན་ཡོད་པ་དང་། ས་ཁུལ་སོ་སོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྟོན་གྲངས་མང་ཆེ་ཤོས50ལས་བརྒལ་ཞིང་། རྫོང་ཁ་ཤས་ཀྱི་མངའ་ཁོངས་ཀྱི་སྟོན་གྲངས70ལ་ཉེ་ཡོད། །

                                                                                                                        རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།