ཆ་སྙོམས་ས་ངོས་ལས་མཐོ་ཚད་སྨི་བཞི་སྟོང་ཟིན་པའི་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རིང་མོའི་ཁུལ་དུ་རྩྭ་ཐང་ཉམས་ཞན་དུ་ཕྱིན་ནས་བྱེ་འགྱུར་ས་ནག་ཐང་ཆེན་པོ་ཞིག་ཆགས། ཉེ་བའི་ལོ་གསུམ་རིང་མཚོ་སྔོན་ཞིང་ཆེན་གྱིས་དེར་རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་འགོད་རྣམ་གྲངས་ལག་བསྟར་བྱས་ནས་སླར་གསོའི་ལག་རྩལ་རབ་དང་རིམ་པ་སྤྱད་པ་བརྒྱུད་མུའུ་ཁྲི་གསུམ་སྟོང་ལྔའི་བྱེ་འགྱུར་ས་ནག་ཐང་རྩྭ་ཐང་དུ་གྱུར་བ་དང་ཉམས་ཞན་རྩྭ་ཐང་གི་སྐྱེ་འཚར་ནུས་པ་ཆེ་རུ་ཕྱིན་ཏེ་སྣོད་བཅུད་དང་། འཚོ་བ། ཐོན་སྐྱེད་ཀྱི་འཕེལ་རྒྱས་རྣམ་པ་བཟང་པོ་ཞིག་རགས་ཙམ་ཆགས་ཡོད་པ་རེད།
རྩྭ་ཐང་སྔོ་འགྱུར་གྱི་དུས་དེར་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གི་ཞིབ་འཇུག་ཚོགས་པ་སྔ་མོ་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སླེབས་ཤིང་། མུ་རི་གྲོང་རྡལ་བྲོ་རྒ་གྲོང་ཚོ་ནས་ཞིབ་འཇུག་པ་གཞོན་པ་ལི་ཧྲི་ཞུང་གིས་སྐྱེ་འཚར་ལེགས་པའི་རྩྭ་སར་མཛུབ་མོ་བཙུགས་ནས་གསར་འགོད་པར་བཤད་རྒྱུར། “ལོ་ཤས་སྔོན་དུ་བྱེ་འགྱུར་ས་ནག་ཐང་ཡིན་པར་མ་ཟད་ཐང་རྒོད་དུ་གྱུར་ཡོད། འོན་ཀྱང་མིག་སྔར་ཉམས་ཞན་དུ་གྱུར་བའི་རྩྭ་ས་དག་སྤྱིའི་ཆ་ནས་ལེགས་བཅོས་བྱས་ནས་ལོ་རེའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱིན་ཡོད”ཟེར།
ཕན་འབྲས་དེ“མདོ་ལ་རིང་མོའི་རང་བྱུང་རྩྭ་ཐང་གི་སྣོད་བཅུད་མ་ལག་སླར་གསོ་དང་སྲུང་སྐྱོབ་ལག་རྩལ་གཅིག་སྡུད་དཔེ་སྟོན”གྱི་ལས་གཞི་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད། དུས་འགོར་ལས་གཞི་དེས་མཐོ་སྒང་ས་ཁུལ་གྱི་འདེབས་འཛུགས་ལ་འཚམ་པའི་སྤུས་ལེགས་ཕྱུགས་རྩྭ་སྣ་ཁ་6བདམས་པ་དང་ཆབས་ཅིག་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གསབ་འདེབས་དང་། བྱེ་འགྱུར་ས་ནག་ཐང་བཅོས་སྐྱོང་། ཨ་བྲའི་གནོད་པ་འགོག་བཅོས་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པའི་རྨང་གཞིའི་ཐོག 2014ལོ་ནས་བཟུང་དཔྱད་གཞི་ཚན་ཆུང་གི་རིགས་གཅིག་མཁས་ཅན་གྱིས་མདོ་ལ་རིང་མོའི་ཁུལ་གྱི་བྱེ་འགྱུར་ས་ནག་ཐང་དུ་གཟན་རྩྭའི་རྟེན་གཞི་ཐོག་མར་བསྐྲུན་པ་མ་ཟད། རང་བྱུང་རྩྭ་ཐང་སྔོ་འགྱུར་སྐབས་སུ་ཕྱུགས་འཚོ་མཁན་ཁྱིམ་ཚང་ལ་རྟེན་གཞིའི་གཟན་རྩྭ་འདོན་སྤྲོད་བྱས་ནས་ཕྱུགས་རྩྭ་འཚར་སྐྱེའི་གནོན་ཤུགས་ཇེ་ཡང་དུ་བཏང་ཡོད།
“དེ་སྔོན་རྩྭ་ཐང་ཉམས་ཞན་དུ་འགྱུར་བའི་སྐབས་ཐོག་མར་ཕྱུགས་འགོག་པའི་བསམ་བློ་བཏང་མོད། འོན་ཀྱང་ཡུན་རིང་འགོར་ཚེ་འབྲོག་པའི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་པར་དམིགས་ནས། ཞིབ་འཇུག་ཚན་ཆུང་གིས་ལས་གཞི་ལག་བསྟར་བྱེད་པའི་རིང་དུ། ས་གནས་དེ་གའི་སྲིད་གཞུང་ལ་སྦྲེལ་མཐུད་དང་མཐུན་སྦྱོར་ལེགས་པོ་བྱས་ནས་འབྲོག་པ་མང་ཚོགས་གསོ་སྦྱོང་བྱས་པ་དང་། ཁོ་ཚོར་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་བཅོས་སྐྱོང་གི་ལག་རྩལ་དང་ཤེས་བྱ་ཁོང་དུ་ཆུད་དུ་བཅུག་པ་དང་བཅོས་སྐྱོང་བྱེད་ཞོར་དུ་ཐོན་སྐྱེད་བྱས་ནས་རྩྭ་ཐང་སླར་གསོ་དང་ཕྱུགས་ལས་ལུགས་མཐུན་ངང་ཐོན་སྐྱེད་ཐུབ་པར་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གི་ཞིབ་འཇུག་པ་མཱ་ཡུས་ཧྲེའུ་ཡིས་དེ་ལྟར་བཤད།
རྒྱུས་ལོན་བྱུང་བ་ལྟར་ན། ལོ་གསུམ་གྱི་རིང་མཚོ་སྔོན་མདོ་ལ་རིང་མོའི་ཁུལ་གྱི་བྱེ་འགྱུར་ས་ནག་ཐང་སླར་གསོའི་གཞི་ཁྱོན་མུའུ35000ཟིན་པ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་སླར་གསོའི་དཔེ་སྟོན་ཁུལ་དུ་སྔོ་ཁེབས་ཀྱི་ཚད82%ནས89%ཟིན་པ། ལོ་མང་རིང་སྐྱེ་འཚར་བྱུང་བ་དང་ལོ་གཅིག་རིང་སྐྱེ་འཚར་བྱུང་བའི་མི་བཟོས་རྩྭ་ཐང་གི་མུའུ་རེའི་རྩྭ་སྐྱེ་ཚད་སོ་སོར་སྤྱི་རྒྱ850དང་སྤྱི་རྒྱ1800ཟིན་གྱི་ཡོད། འབྲེལ་ཡོད་གྲུབ་འབྲས་དེ་དག་རྒྱ་ཁྱབ་ངང་སྤྱད་དེ་མཐོ་སྒང་ཕྱུགས་ལས་ས་ཁུལ་གྱི་རྩྭ་ཐང་བཅོས་སྐྱོང་བྱེད་པར་ཕན་འབྲས་དངོས་ཐོན་པའི་ཕུགས་ཀྱི་ཐབས་ལམ་ཞིག་བཏོད་ཡོད་པ་རེད། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།