རྨ་སྟོད་རྫོང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བསྣན་པ།
2018.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

 རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཅེས་སུ་གྲགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་རྨ་ཆུའི་ཆུ་མགོར་གནས་པས་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས། དེ་བཞིན་ཨེ་ཤེ་ཡ་གླིང་ཆེན་ཧྲིལ་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་བདེ་འཇགས་ཐད་ནུས་པ་གལ་ཆེན་ལྡན་ཡོད།

རྨ་སྟོད་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་གནས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། ལེ་དབར་ཁྲི་ཡི་རྨ་ཆུ་བཞུར་རྒྱུད་ཀྱི་རྫོང་དང་པོ་དེ་ཡིན་པ་དང“རྨ་ཆུའི་ཆུ་མགོ་དང་མཚེའུ་སྟོང་གི་རྫོང”ཞེས་པའི་མཚན་སྙན་ཐོབ་ཡོད། དེའི་མངའ་ཁོངས་སུ་ཆུ་རྒྱུན་མང་པོ་ཡོད་པ་དང་མཚེའུ་ཆེ་ཆུང4077ཡོད། རྨ་ཆུའི་ལོ་རེའི་ཆུ་བོའི་བཞུར་ཚད་ཀྱི43%འདི་གར་གཅིག་ཏུ་བསྡུས་ཡོད།

རྨ་སྟོད་རྫོང་ལ་དེ་སྔོན་ཕུན་སུམ་ཚོགས་པའི་ཚྭ་མེད་ཆུའི་ཐོན་ཁུངས་མང་པོ་ཡོད་ལ་སྤུས་ལེགས་པའི་རྩྭ་སའང་འབོར་ཆེན་ཡོད། རྨ་སྟོད་རྫོང་གིས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་འབྲོག་ལས་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་ཡོངས་ཀྱི་ཕྱུག་པོའི་རྫོང་ཨང་དང་པོར་གྱུར་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་ལོ་མཇུག་ཏུ་ཕྱུགས་ལས་འཕེལ་དྲགས་པའི་དབང་གིས་རྨ་སྟོད་ཀྱི་རྩྭ་ཐང་ཉམས་རྒུད་དུ་སོང་ནས་རྨ་ཆུའི་ཆུ་བོའི་བཞུར་རྒྱུན་ཆད་པ་དང་། མཚོ་དང་མཚེའུ་མང་པོ་སྐམ་སྟེ“མཚེའུ་སྟོང་གི་རྫོང”དེ་མིང་ཡོད་དོན་སྟོང་དུ་གྱུར་པ་དང། དེ་སྔོན་གྱི“རྒྱལ་ཡོངས་ཀྱི་རྫོང་ཕྱུག་པོ”དེ་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་དུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད་རྨ་སྟོད་རྫོང་གི་འབྲོག་པ་མང་ཚོགས་སྐོར་ཞིག་རྩྭ་ཐང་དང་ཁ་བྲལ་ཏེ་གྲོང་རྡལ་དུ་གནས་སྤོར་བྱས་པས་རྩྭ་ཐང་གི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་། རྩྭ་ཐང་གི་སྔོ་ཤུན་ཁེབས་ཚད་ལོ་རེ་ནས་ལོ་རེར་ཇེ་ཆེར་སོང་ཞིང་། ཁ་དབུགས་ཇེ་གཙང་དང་བརླན་སའི་གཞི་ཁྱོན་ཇེ་ཆེར་སོང་ཡོད།

ད་ལྟ་རྫོང་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་མུའུ་ཁྲི1193.26སླེབས་པ་དང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ཀྱི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ99ཇེ་ཆེར་སོང་ལ། གཞན་རྒྱ་ཁྱོན་སྤྱི་ཆིང་ཁྲི6ལས་བརྒལ་བའི་མཚེའུ157ཡོད།

“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱ་ཆེད། 2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》ལག་བསྟར་བྱ་རྒྱུའི་ཆོག་མཆན་གནང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྐོར་དང་པོའི་ལས་གཞི་དངོས་སུ་འཛུགས་སྐྲུན་བྱས་པ་དང་། 2014ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྐོར་གཉིས་པའི་ལས་གཞི་ལག་བསྟར་བྱས། 2006ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིGDPདཔྱད་ཞིབ་མེད་པར་བཟོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དེ་དཔྱད་ཞིབ་ཀྱི་ནང་དོན་དུ་བརྩིས་ཡོད།

རྨ་སྟོད་རྫོང་གིས་གོ་སྐབས་དེ་བེད་སྤྱད་དེ་ཕྱུགས་བཀག་རྩྭ་གསོ་དང་། བྱེ་འགྱུར་བཅོས་སྒྲིག བརླན་སར་སྲུང་སྐྱོང། ས་ནག་ཐང་བཅོས་སྒྲིག གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། སྐྱེ་ཁམས་གནས་སྤོ། ཚན་རྩལ་གསོ་སྦྱོང་སོགས་འདུས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་སོང་ཡོད། །

                                                                                                                                     ལོ་ཙཱ་བ། སྒྲོལ་མ་སྐྱིད།