མཚོ་སྔོན་ཞིང་ཆེན་གྱི་ཆུ་བདག་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར།
2018.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

 ཉེ་ལམ། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་བཙུགས་པར་མ་ཟད། ཆུ་བདག་གཙོ་བོའི་བྱ་བའི་རྐྱེན་སྲོལ་དང་ཆུ་ཁོངས་ཡོངས་ལ་ཁེབས་པའི་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་ཆུ་བདག་མ་ལག་འཐུས་ཚང་དུ་བཏང་། མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་རིམ་པ་ལྔའི་ཆུ་བདག་སྟོང་ལྔ་དང་དགུ་བརྒྱ་ཉེར་ལྔ་བཀོད་སྒྲིག་བྱས་པ་དང་།  དེའི་ནང་ཆུ་བདག་ཉིས་བརྒྱ་གོ་དྲུག་ཡོད། ཆུ་བོ་དང་མཚེའུར་དོ་དམ་སྲུང་སྐྱོབ་བྱེད་མཁན་སྟོང་དགུ་དང་བརྒྱད་བརྒྱ་ཞེ་གཉིས་བཀོད་སྒྲིག་བྱས་ཡོད།

ད་ལོའི་ལོ་མགོར། ཞིང་ཆེན་ཡོངས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པའི་ཆུ་བདག་ལམ་ལུགས་ཀྱི་བྱ་བ་གཙོ་བོའི་ནང་། ལོ་ཧྲིལ་བོར་ཆུ་བདག་ལམ་ལུགས་འཛུགས་པའི་དུས་མཚུངས་སུ། ཁྱོན་ཡོངས་ནས་མཚོ་བདག་ལམ་ལུགས་འཛུགས་དགོས་པ་བཏོན་ཡོད། ཆུ་བདག་ལམ་ལུགས་ཀྱི་བྱ་བ་གཙོ་བོ་དེ་ཆུ་བདག་ཡོད་པ་ནས་འགུལ་སྐྱོད་ཡོད་པ་དང་ཕན་འབྲས་མངོན་པའི་ཕྱོགས་སུ་བསྒྱུར་ཏེ། རྨང་གཞི་སྲ་བརྟན་ཏུ་གཏོང་བ་དང་། ཆུ་བོ་དང་མཚེའུ་ཡི་གནད་དོན་གཙོ་བོ་ལེགས་སྒྲིག་བཅོས་སྐྱོང་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། གླེང་ཕྱོགས་དྲིལ་སྒྲོག་རྒྱ་ཆེར་སྤེལ་བ། ཉམས་མྱོང་ཕྱོགས་སྡོམ་ཁྱབ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཆུ་བདག་དོ་དམ་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱེད་པར་གྲུབ་འབྲས་གསར་བ་བླངས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་བརྒྱད་དང་རྫོང་ཞེ་དྲུག བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱེད་དགོས་པའི་ཞང་སུམ་བརྒྱ་གོ་བདུན་བཅས་ཚང་མས་ཆུ་བདག་ལམ་ལུགས་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ཡོད།

ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཆུ་བདག་གྲོས་ཚོགས་དང་ཆ་འཕྲིན་མཉམ་སྤྱོད། ཆ་འཕྲིན་ཡར་ཞུ། བྱ་བའི་ལྟ་ཞིབ། དཔྱད་ཞིབ་འགན་འདྲི། བྱ་བར་ཞིབ་བཤེར་རྩིས་ལེན་སོགས་ལམ་ལུགས་དྲུག་ཡོངས་སུ་བཙུགས། ཞིང་ཆེན་རིམ་པས་ད་དུང་ལྟ་སྐུལ་ཞིབ་བཤེར་དང་། ཆུ་བདག་ཡོངས་བསྒྲགས་སྦྱར་བྱང་ལས་པ། ཆུ་བདག་བསྐོར་སྐྱོད་ཞིབ་བཤེར་བཅས་ཀྱི་ལམ་ལུགས་གསུམ་བཙུགས་ཡོད། གྲོང་ཁྱེར་དང་རྫོང་ཁག་ཅིག་གིས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆུ་ལམ་ལ་བསྐོར་སྐྱོད་ཞིབ་བཤེར་དང་ཆུ་ལམ་གཙང་དག་སྲུང་སྐྱོབ་བྱེད་པ། ཐེར་འདོན་ཞུ་གཏུག་བདག་སྤྲོད་དང་གནས་ཚུལ་དྲིལ་སྒྲོག་སོགས་ཀྱི་ལམ་ལུགས་བཙུགས་ཡོད།

མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་ཆུ་བདག་ཡོངས་བསྒྲགས་སྦྱར་བྱང་སྟོང་བཞི་ཆིག་བརྒྱ་རེ་གཉིས་ལས་ཡོད་པ་དང་། རིམ་པ་སོ་སོའི་ཆུ་བདག་གིས་རིམ་བསགས་ཀྱིས་ཆུ་བོ་དང་མཚེའུར་སྐོར་ཞིབ་བྱས་ཚད་མི་ཐེངས་འབུམ་གཅིག་ཁྲི་ལྔ་ལས་བརྒལ་ཏེ། ཆུ་བདག་གིས་ཆུ་བོ་དང་མཚེའུར་སྐོར་ཞིབ་བྱེད་པའི་འགན་འཁྲི་རྒྱུན་རྣམ་ཅན་ཏུ་གྱུར། དུས་མཚུངས་སུ་ཆུ་བོ་དང་མཚེའུ་ཡི་མིང་གཞུང་རྩིས་ཐོ་བཙུགས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་ལམ་དུ་བྱེ་མ་སྔོག་འདོན་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་དང་མཚེའུ་དོ་དམ་ཁྱབ་ཁོངས་དབྱེ་མཚམས་དབང་ཆ་གཏན་འཁེལ་བྱ་བའི་ལག་བསྟར་ཇུས་གཞི》བཟོ་སྒྲིག་བྱས་ཤིང་། ཞིང་ཆེན་གྱི་དོ་དམ་བྱེད་པའི་ཆུ་བོ་བཅུ་གཉིས་དང་མཚེའུ་གསུམ་གྱི་ཆུ་བོ་གཅིག་ལ་སྲིད་ཇུས་གཅིག་གི་ཇུས་གཞི་འགྲེམ་སྤེལ་ལག་བསྟར་བྱས་པ་དང་། གྲོང་ཁྱེར་བརྒྱད་དང་རྫོང་རིམ་པ་ཞེ་དྲུག་གིས་ཇུས་གཞི་བཟོ་སྒྲིག་བྱས་ཚར།

ཞིང་ཆེན་ཆུ་བེད་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་ཁྲིམས་དང་འགལ་ནས་བྱེ་མ་སྔོག་འདོན་དང་ཆུ་འབབ་སའི་བཙོག་འབུད་མདོ་ཁ།  ཆུ་མཛོད་ཀྱི་གད་སྙིགས། ཆུ་བོ་དང་མཚེའུ་ནང་གི་སྲ་གཟུགས་དངོས་རོ།  བཏུང་ཆུའི་མགོ་ཁུངས་ཀྱི་ཁོར་ཡུག་གནད་དོན་སོགས་ལེགས་སྒྲིག་བྱེད་པའི་ཆེད་དོན་བྱ་འགུལ་ལྔ་སྤེལ་བ་བརྒྱུད་དེ། མིག་སྔར། ཆུ་གློག་ས་ཚིགས་གཙོ་བོ་ཉིས་བརྒྱ་བཅུ་གཅིག་གིས་སྐྱེ་ཁམས་ལྟ་ཞིབ་ཚོད་འཛིན་སྒྲིག་ཆས་སྒྲིག་སྦྱོར་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཁྲིམས་དང་འགལ་ནས་བྱེ་མ་སྔོག་འདོན་བྱེད་ས་ཉིས་བརྒྱ་བཅུ་གཅིག་གི་སྒོ་བརྒྱབ། གཅིག་བསྡུས་རྣམ་པའི་འཐུང་ཆུའི་མགོ་ཁུངས་ཉེར་གཉིས་བཅོས་སྐྱོང་བྱས་ཏེ། ཆུའི་སྤུས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། ཆུ་བོ་དང་མཚེའུ་འགྲམ་རྒྱུད་བཀག་སྡོམ་ཁུལ་གྱི་གཞི་ཁྱོན་ལྡན་པའི་སྒོ་ཕྱུགས་གསོ་སྤེལ་ར་བ་རེ་དྲུག་གི་སྒོ་བརྒྱབ། ཆུ་ལམ་དུ་གང་འདོད་དུ་གད་སྙིགས་འཕེན་པ་དང་། གང་འདོད་དུ་བྱེ་མ་སྔོག་འདོན་བྱེད་པ་སོགས་ཀྱི་སྣང་ཚུལ་ཡོངས་སུ་བཀག་འགོག་བྱས།

ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་བྱ་བ་ཁྱབ་སྤེལ་བྱས་པའི་ཚུན་ལ། རང་ཞིང་གི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་གིས་ཆུ་བོ་དང་མཚེའུ་རེ་རེ་དྭངས་གཙང་ཡོང་བར་བྱེད་པའི་ཁས་ལེན་དམ་བཅའ་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱེད་པ་གཙོ་གནད་དུ་བཟུང་ནས། བྱ་བའི་བྱེད་ཐབས་གསར་བསྐྲུན་དང་། སྡེ་ཁག་སོ་སོའི་ཐོན་ཁུངས་ཧྲིལ་བསྡུས། བཅོས་སྐྱོང་དང་ལེགས་སྒྲིག དོ་དམ་བཅས་མཉམ་དུ་དམ་འཛིན་བྱས་ནས།  ཕྱོགས་མང་པོ་ནས་སྐུལ་འདེད་བྱས་པ་དང་། བྱ་སྤྱོད་དངོས་ཀྱིས་ཁྱོན་ཡོངས་ནས་ཆུ་བོ་དང་མཚེའུ་བཅོས་སྐྱོང་གི་ཇུས་གཞི་ཆེན་པོ་ལག་བསྟར་བྱེད་མགོ་བརྩམས།

རང་ཞིང་གི་མཚོ་ནུབ་དང་རྨ་ལྷོ། ཡུས་ཧྲུའུ་སོགས་ཁུལ་གྱིས་ཆུ་བདག་ལམ་ལུགས་བྱ་བའི་གྲོས་ཚོགས་འཚོགས་པ་དང་། བྱ་བའི་དམིགས་འབེན་འགན་འཁྲི་ཡི་གེ་འགོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། རིམ་བཞིན་འགན་འཁྲི་དངོས་འབེབས་བྱས་པ་དང་། མགོ་ལོག་དང་རྨ་ལྷོ། ཡུས་ཧྲུའུ་བཅས་ཁུལ་གསུམ་གྱིས་ཆུ་བདག་ལམ་ལུགས་ཁྱབ་སྤེལ་བྱེད་པ་གཙོ་གནད་དུ་བཟུང་ནས། ཁེ་ལས་ཆུ་བདག་དང་འབྲོག་པ་ཆུ་བདག གྲྭ་བཙུན་ཆུ་བདག རྟ་ཐོག་ཆུ་བདག་བཅས་བཀོད་སྒྲིག་བྱས་ནས། ཆུ་བོ་དང་མཚེའུ་ཐོན་ཁུངས་དོ་དམ་སྲུང་སྐྱོབ་བྱེད་པའི་གོ་རིམ་ཁྲོད། མི་རིགས་འཆམ་མཐུན་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་འཇགས་བཅས་ཡོང་བར་ཡར་སྐུལ་བྱས།

                                                                                                                                ལོ་ཙཱ་བ།སྒྲོལ་མ་སྐྱིད།