མཚོ་སྔོན་གྱིས་རྩྭ་སའི་ཁ་གསབ་དང་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་རེ་དགུ་དངོས་འབེབས་བྱས་ནས་འབྲོག་པ་མང་ཚོགས་འབུད་བརྒྱད་ཙམ་ལ་ཕན་ཁེ་ཐོབ་པ།
2018.08.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ7པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་རིམ་བསགས་ཀྱིས་རྩྭ་སའི་ཁ་གསབ་དང་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་རེ་དགུ་ལྷག་དངོས་འབེབས་བྱས་པས་ཞིང་ཆེན་ཡོངས་ཀྱི་འབྲོག་པ་མང་ཚོགས་འབུམ་བརྒྱད་ཙམ་ལ་སྲིད་ཇུས་ཀྱི་དངོས་ཕན་ཐོབ་པ་རེད།

མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་གནས་ཡིན་ལ། རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་དང་ཁྱད་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཞིག་ཀྱང་ཡིན།  རང་བྱུང་གི་རྩྭ་ས་མུའུ་དུང་ཕྱུར་ལྔ་དང་བྱེ་བ་བཞི་ས་ཡ་བདུན་ཡོད་པའི་ནང་བེད་སྤྱོད་གཏོང་ཆོག་པའི་རྩྭ་ས་མུའུ་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་བཞི་ཡོད་ལ། དེ་དག་མང་ཆེ་བ་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ་མཐའ་བསྐོར་ས་ཁུལ་དུ་ཡོད་པ་རེད།

2011ལོའི་ཟླ9པར་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་དང་བྱ་དགའི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་ཏེ།  མུའུ་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་ལྔ་ལྷག་གི་ཞན་འགྱུར་རང་བྱུང་རྩྭ་སར་ཕྱུགས་བཀག་དང་མུའུ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དགུའི་བེད་སྤྱོད་གཏོང་ཆོག་པའི་རྩྭ་སར་རྩྭ་ཕྱུགས་དོ་སྙོམས་ཀྱི་དོ་དམ་བྱ་བ་ལག་བསྟར་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཁ་གསབ་དང་བྱ་དགའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་དུ་འཕར་སྣོན་འབྱུང་བར་སྐུལ་མ་ཐེབས་པ་དང་། གནད་ཕིགས་དབུལ་སྐྱོར་ལ་རམ་འདེགས་ཐུབ་པ། རྩྭ་སའི་སྣོད་བཅུད་ཕྱུགས་ལས་དེ་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བའི་བགྲོད་ལམ་དུ་བསྐྱོད་པར་སྐུལ་མ་ཐེབས་ནས། སྣོད་བཅུད་ལེགས་པ་དང་། ཕྱུགས་ལས་འཕེལ་རྒྱས། རོང་འབྲོག་པའི་ཡོང་འབབ་འཕར་བ་བཅས་ཕྱོགས་གསུམ་ལ་ཁེ་ཕན་མཉམ་ཐོབ་བྱུང་ཡོད།

ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་ཐད་མཚོ་སྔོན་གྱིས་གཟན་རྩྭ་ཐོན་སྐྱེད་དང་ལས་སྣོན་གཙོ་བོར་བྱས་པའི་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། སྣོད་བཅུད་ཕྱུགས་ར། བདག་གཉེར་ཁྱིམ་ཚང་ཆེན་པོ་སོགས་བདག་གཉེར་བྱེད་མཁན་གསར་བ་བརྒྱད་བརྒྱ་དོན་གསུམ་སྐྱེད་སྲིང་དང་སྟོབས་ལྡན་དུ་བཏང་བས།  “ཀུང་སི་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་བ་ཁྱིམ་ཚང་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་འཕེལ་རྒྱས་གཏོང་སྟངས་སྣ་ཚོགས་ཆགས་པ་དང་། རྩྭ་ཕྱུགས་མཉམ་འགུལ་དང་། འཁོར་རྒྱུག་འཕེལ་རྒྱས་ཀྱི་ཕྱུགས་ལས་གོང་འཕེལ་གྱི་རྣམ་པ་ཞིག་ཆགས། སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་དེ་གཞི་ཁྱོན་ཅན་ དང་ལེགས་བསྡུས་ཞིབ་གཉེར་ཅན། དེང་རབས་ཅན་བཅས་ཀྱི་རྩྭ་སའི་སྣོད་བཅུད་ཕྱུགས་ལས་བདག་གཉེར་བྱེད་སྟངས་ཕྱོགས་སུ་བསྒྱུར་བར་སྐུལ་མ་ཐེབས་ཡོད་པ་རེད།

མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་ར་བ་སྟོང་གཉིས་བརྒྱད་བརྒྱ་ལྷག་ཙམ་བསྐྲུན་པས། གཞི་ཁྱོན་ཅན་གྱི་བདག་གཉེར་བསྡུར་གྲངས་བརྒྱ་ཆའི་ལྔ་གཉིས་ཟིན་པ་དང་། སྣོད་བཅུད་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་ཡོད་པ་དེ་དག་འབྲོག་ཁུལ་ཡོངས་ལ་ཁྱབ་ནས། མཉམ་ལས་ཁང་དུ་ཞུགས་མཁན་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་ལྷག་ཟིན་པ་དང་མཉམ་ལས་ཁང་དུ་ཞུགས་ཚད72.5%ཟིན་ཡོད་པ་རེད། 2017ལོར་འབྲོག་པ་མི་རེའི་ཡོང་འབབ་རྐྱང་བའི་ཁྲོད་རྩྭ་སའི་ཁ་གསབ་དང་བྱ་དགའི་ཡོང་འབབ་ཀྱིས་སྒོར་སུམ་སྟོང་བཅུ་བདུན་ཟིན་པ་དེས་འབྲོག་པའི་ཡོང་འབབ་རྐྱང་བའི35%བཟུང་ཡོད། ཁ་གསབ་དང་བྱ་དགའི་སྲིད་ཇུས་ཀྱི་སྣོད་བཅུད་ལྟ་སྲུང་བའི་ལས་གནས་ལ་བརྟེན་ནས་གྲངས་འབོར་གཅིག་མཚུངས་ཀྱི་གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་གི་མི་འབུམ་གཅིག་དཀའ་ཁག་ལས་ཐར་བར་ཐད་ཀར་སྐུལ་མ་ཐེབས་ཡོད་པ་རེད།

                                                                                                                              ལོ་ཙཱ་བ། སྒྲོལ་མ་སྐྱིད།