སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་ཕྱོགས་སུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བྱས།
2018.08.28 ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས། 35

 མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་བཅོས་སྒྱུར་གསར་སྐྲུན་སྒུལ་ཤུགས་སུ་བརྩི་བ་དང་།  རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དམིགས་འབེན་དུ་བརྩིས་ཏེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ནང་རྐྱེན་གསར་སྐྲུན་དང་། སྐྱེ་ཁམས་ཕྱུགས་ལས་ཀྱི་མ་རྐང་ལམ་ལུགས་མཉམ་ལས་ཁང་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་གཙོ་གནད་དུ་བཟུང་ནས། ཤུགས་ཆེན་པོས་སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་དེ་དེང་རབས་ཀྱི་ཕྱུགས་ལས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱས།

ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་མེ་ལོང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་འཛུགས་སྐྲུན་བྱེད་པ་ཆེས་སྔ་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། འཚོལ་ཞིབ་བྱུང་བའི་མེ་ལོང་དཔེ་དབྱིབས་དེ་ཞིང་ཆེན་ཡོངས་ཀྱིས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། མཉམ་ལས་ཁང་གིས་རྩྭ་ཐང་གི་གནམ་གཤིས་དང་ས་བབ། སྤང་ཤུན། ཆུ་འགོ། ཕྱུགས་ཀྱི་ཤོང་ཚད་བཅས་ལ་གཞིགས་ནས་དགུན་དཔྱིད་དང་དབྱར་སྟོན་གྱི་རྩྭ་ས་ཚན་རིག་ལྟར་ལེགས་སྒྲིག་བྱས་པ་དང་། ས་ཁག་བགོས་ནས་རེས་མོས་ཀྱིས་ཕྱུགས་འཚོ་བ་ལག་བསྟར་བྱས་པས། རྩྭ་སའི་ཐོན་ཁུངས་ཚན་རིག་ལྟར་བེད་སྤྱོད་བྱེད་པའི་ཆུ་ཚད་ཇེ་མཐོར་སོང་བ་དང་། རྩྭ་སའི་སྐྱེ་ཁམས་ལ་སླར་གསོ་དང་སྲུང་སྐྱོབ་ལེགས་པོ་ཐོབ།

སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་ཟུང་དུ་འབྲེལ་ནས། ཐེམ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་རེ་གཉིས་ཀྱི་ཁྲོད་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་བཞི་གདམ་གསེས་བྱས་ནས་གཡུ་འབྲུག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས། སེང་གེ་ཞང་གཡང་ལུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་མཉམ་ལས་ཁང་བཞི་ཡིས་མཉམ་འབྲེལ་སྒོས་སེང་གེ་ཚོ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། མ་རྐང་མཉམ་ལས་ལམ་ལུགས་དཔེ་དབྱིབས་ཁྱབ་སྤེལ་བྱས་ཏེ། ཚོད་ལྟའི་མཉམ་ལས་ཁང་བཅུ་བཞིའི་མ་རྐང་དུ་ཞུགས་པའི་རྩྭ་སའི་གཞི་ཁྱོན་དང་། ཕྱུགས་གྲངས་ལ་ཡང་བསྐྱར་ཞིབ་བཤེར་བྱས་ནས་ཡིག་ཚགས་དང་བྱང་བུ་ལས་པ་དང་། མཉམ་ལས་ཁང་བདུན་གྱི་མ་རྐང་བསྒྱུར་བཀོད་ཡོངས་འགྲུབ་བྱས་ཏེ།  འབྲོག་པ་ཁྱིམ་ཚང་ཉིས་བརྒྱ་གོ་ལྔ་མཉམ་ལས་ཁང་དུ་ཞུགས་པ་དང་།  རྩྭ་ས་སྤྱི་ཆིང་ཁྲི་གཉིས་སྟོང་དགུ་དང་ཕྱུགས་ཟོག་ཁྲི་གསུམ་སྟོང་དྲུག་ཉིས་བརྒྱ་མ་རྐང་དུ་ཞུགས།

ཐེམ་ཆེན་རྫོང་གིས་མ་རྐང་དུ་ཞུགས་པའི་ཕྱུགས་ཟོག་དང་རྩྭ་ས་ཧྲིལ་བསྡུས་དང་ཡར་བསྐྱར་འཆར་འགོད་བྱས། ཞིན་ཡོན་གྲོང་རྡལ་མེ་ལོང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ལུག་ཁྱུ་ཉེར་བདུན་ཧྲིལ་བསྡུས་བྱས་པ་དང་། ཚན་རིག་ལྟར་ཕྱུགས་འཚོ་བ་ལེགས་སྒྲིག་བྱས། བྲག་དམར་ཞང་སོགས་ཚོད་ལྟའི་མཉམ་ལས་ཁང་དྲུག་གི་ཁྲོད་བོད་ལུག་ཐོན་མཐོའི་གསོ་སྤེལ་ལག་རྩལ་ཁྱབ་སྤེལ་བྱས་ཏེ། ཕྱུགས་འཚོ་བ་དང་གཟན་རྩྭ་ཁ་གསབ་ཀྱི་བྱེད་ཐབས་སྤྱད་པས།  ལུ་གུའི་གསོན་ཚད་རྫོང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་ཐིག་གཅིག་དང་གྲངས་ཆུང་ལྔ་དགུ་ཇེ་མཐོར་སོང་། དུས་མཚུངས་སུ། མ་དངུལ་སྒོར་ས་ཡ་བརྒྱད་འབུམ་གཉིས་ཁྲི་བཞི་བཏང་ཏེ། སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ར་གསུམ་དང་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་བརྒྱད་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་ནས། རྒྱུད་བཟང་བོད་ལུག་དང་ནོར་ནག་གསོ་སྤེལ་བྱས། ཐེམ་ཆེན་རྫོང་གིས2017ལོར་རིམ་བསགས་ཀྱིས་ཁ་གསབ་བྱ་དགའི་མ་དངུལ་སྒོར་བྱེ་བ་དགུ་ས་ཡ་གཅིག་འབུམ་གཉིས་ཁྲི་བཞི་ལྷག་བཏང་ཏེ། ཁྱོན་ཡོངས་ནས་ཕྱུགས་བཀག་དང་ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་སླར་གསོ་དང་རྩྭ་སའི་དོ་སྙོམས་ནང་རྐྱེན་ཁྱབ་སྤེལ་བྱས།  ཁ་གསབ་མ་དངུལ་སྒོར་ས་ཡ་གཉིས་འབུམ་བདུན་ཁྲི་བརྒྱད་ལྷག་བཏང་ཏེ། འབྲོག་པ་མང་ཚོགས་ཀྱིས་རྩེབ་རྒྱུ་མེད་པའི་ཕྱུགས་ཟོག་གསོ་ཁ་ནས་བུད་ཚད་ཇེ་མང་དུ་གཏོང་བར་སྐུལ་མ་བཏང་། མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དྲུག་འབུམ་གསུམ་ཁྲི་ལྔ་བཏང་ཏེ། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཚོད་ལྟའི་ལས་གཞི་ལག་བསྟར་བྱས་ཤིང་། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་སྟོང་ལྔ་དྲུག་བརྒྱ་རེ་དྲུག་ལྷག་བཅོས་སྐྱོང་བྱས་པ་དང་། རྩྭ་ར་སྤྱི་ཆིང་སྟོང་ལྔ་དྲུག་བརྒྱ་རེ་དྲུག་ལྷག་བསྐོར། ཚད་གཞི་ཅན་གྱི་གཟན་རྩྭའི་རྟེན་གཞི་སྤྱི་ཆིང་དྲུག་བརྒྱ་རེ་དྲུག་ལྷག་འཛུགས་སྐྲུན་བྱས།

སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱས་པ་བརྒྱུད། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་རྩ་འཛུགས། བགོ་བཤའ། འཕེལ་རྒྱས་གཏོང་སྟངས་བཅས་ལ་འཕོ་འགྱུར་ཆེན་པོ་བྱུང་ཏེ། སྔོན་ཆད་ཀྱི་ཁྱིམ་ཚང་གཙོ་བོ་ཡིན་པའི་གཞི་ཁྱོན་ཆུང་བའི་ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་དང་། ངལ་རྩོལ་ནུས་ཤུགས་ལྷག་མར་ལས་ཀ་གཞན་པ་བཀོད་སྒྲིག་བྱས་ཏེ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཐོབ། མཉམ་ལས་རྩ་འཛུགས་ཀྱི་ཐུན་མོང་རྒྱུ་ནོར་ཇེ་མང་དུ་སོང་བ་དང་ཆབས་ཅིག་དཔལ་འབྱོར་གྱི་འཕར་ཚད་གསར་བའང་གསོ་སྐྱོང་བྱས།

                                                                                                                                     ལོ་ཙཱ་བ། སྒྲོལ་མ་སྐྱིད།