མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་ཀྱི་ཚེ་སྲོག་ལས་སྐལ་གཅིག་པའི་ཚོགས་པ་ཡི་མཐོ་རིམ་གླེང་སྟེགས་མདོ་ལ་རྫོང་ནས་བསྡུས།
2018.08.28 ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས། 117

 མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་ཀྱི་ཚེ་སྲོག་ལས་སྐལ་གཅིག་པའི་ཚོགས་པ་ཡི་མཐོ་རིམ་གླེང་སྟེགས་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་མདོ་ལ་རྫོང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྟེན་འབྲེལ་ཞུ་ཡིག་བཏང་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུ་ཧྲུའུ་ཅི་ཉི་མ་སྒྲོལ་མས་དགའ་བསུའི་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་ཏེ་མཐོ་རིམ་གླེང་སྟེགས་འགོ་བརྩམས་པ་ཁྱབ་སྒྲོག་བྱས། 

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་ནི་མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བརྩི་བ་དང་། མཚོ་སྔོན་ཞིང་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་རིམ་དུ་ཞུགས་པའི་ཁྲོད་བསྡུས་པའི་གླེང་སྟེགས་གལ་ཆེན་ཐེངས་ཤིག་ཡིན་པ་རེད། མཚོ་བྱང་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཤིང་། ཆི་ལེན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྒྲུབ་མཁན་འཁུར། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་གནམ་དང་ས། མི་བཅས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་ཚེ་སྲོག་ལས་སྐལ་གཅིག་པའི་ཚོགས་པ་དེ་ཡིན་ཞིང་། དམིགས་ཡུལ་ནི་ཧུར་ཐག་གིས་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་ནང་རྐྱེན་གསར་བ་དང་དཔེ་དབྱིབས་གསར་བ་འཚོལ་ཞིབ་ལག་ལེན་དང་། མཚོ་བོད་མཐོ་སྒང་གི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་མཚོ་བྱང་གི་དཔེ་དབྱིབས་དང་མཚོ་སྔོན་གྱི་ཉམས་མྱོང་འཚོལ་ཞིབ་བྱེད་རྒྱུ་དེ་རེད།

མདོ་ལ་རི་བོ་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་རི་རྒྱུད་ཆེན་པོ་བཅུ་གཉིས་གྲས་ཀྱི་གཅིག་ཡིན་ལ། རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་དང་། རྨ་ཆུ་འབབ་རྒྱུད་ཀྱི་ཆུའི་འབྱུང་ཡུལ་དང་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྐྱོད་ས་ཁོངས་གལ་ཆེན་ཡིན་པར་མ་ཟད། རྒྱུད་གཅིག་ལམ་གཅིག་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཁྲོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དཀྱིལ་སྙིང་ཁུལ་གྲས་ཀྱི་གཅིག་ཀྱང་ཡིན་པས། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། མཚོ་བྱང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་ཕྱོགས་སུ་ཡོད་ལ། མཚོ་སྔོན་པོ་དང་རྨ་ཆུའི་རིམ་པ་དང་པོའི་ཡན་ཡག་ཆུ་བོ་ཙོང་ཆུ་དང་རིམ་པ་གཉིས་པའི་ཡན་ལག་ཆུ་བོ་སྟེ་འཇུ་ལག་ཆུ་བོ། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་ཆེན་པོ་གཉིས་པ་ནག་ཆུ་སོགས་ཀྱི་འབྱུང་ཁུངས་ཡིན་ཞིང་། མཚོ་བོད་མཐོ་སྒང་གི་ཤར་བྱང་དང་རྨ་ནུབ་དོག་ལམ་གྱི་སྐྱེ་ཁམས་ཆུ་རྒྱུད་བདེ་འཇགས་སྲུང་སྐྱོབ་དང་། ནུབ་རྒྱུད་ཀྱི་ཐང་རྒོད་ཅན་ཤར་ཕྱོགས་སུ་མཆེད་པ་ཚོད་འཛིན་བྱེད་པའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན།

ཝང་ཅན་ཅུན་གྱིས་བསྟན་དོན། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་ཀྱི་མ་ལག་ལ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གནམ་དང་ས། མི་བཅས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་ཚེ་སྲོག་ལས་སྐལ་གཅིག་པའི་ཚོགས་པ་ཡི་བརྗོད་དོན་དཀྱིལ་སྙིང་དུ་བཟུང་ནས་བསམ་བློ་བརྗེ་རེས་བྱེད་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དངོས་འབེབས་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། རེ་བ་ཡིན་ན་ཐེངས་འདིའི་གླེང་སྟེགས་སྟེང་ཞུགས་པའི་ཡོན་ཧྲི་དང་ཆེད་མཁས་པ་རྣམས་ཀྱིས་བགྲོ་གླེང་ལེགས་པོ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ངང་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་གསར་བ་བཏོད་པར་ཤེས་རབ་ཅི་ཡོད་འབུལ་དགོས་ཟེར།

ཉི་མ་སྒྲོལ་མས་ཤིས་ཚིག་ཁྲོད་བཤད་རྒྱུར། ཐེངས་འདིའི་རི་ཆུ་ནགས་གསུམ་དང་མཚེའུ། ཞིང་ས། རྩྭ་ས་བཅས་ཀྱི་ཚེ་སྲོག་ལས་སྐལ་གཅིག་པའི་ཚོགས་པ་ཡི་མཐོ་རིམ་གླེང་སྟགས་བསྡུས་པ་ནི། ལག་ལེན་གྱི་ཁྲོད་ནས་བྱུང་བའི་ཉམས་མྱོང་བཟང་བོ་གཞུང་ལུགས་སུ་གྲུབ་པ་ཞིག་ཡིན་ལ། གཞུང་ལུགས་ཀྱི་གྲུབ་འབྲས་བར་མ་ཆད་པའི་ངང་ལག་ལེན་གྱི་ཁྲོད་ནས་བཀོལ་ཐུབ་པ་བྱུང་སྟེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་མ་ལག་བསྐྱར་གསོ་ཤུགས་ཆེན་བྱས་ནས། སྐྱེ་ཁམས་ཐོན་ལས་ཀྱི་གསོ་སྐྱོང་དང་སྐྱེ་ཁམས་དམངས་ཕན་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་སྣ་མང་ཕུན་ཚོགས་སུ་བཏང་བ་ཞིག་ཀྱང་ཡིན་ཟེར། ཁོ་མོས་བཤད་རྒྱུར་། ད་ལྟའི་བར་དུ་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཚོ་བྱང་གི་སྐྱེ་ཁམས་གོ་གནས་གལ་ཆེ་བར་མ་ཟད་སྐྱེ་ཁམས་ཁོར་ཡུག་ཀྱང་ཆེས་ཉམས་ཞན་ཡིན་པ་ཤེས་ཡོད་པས། ཏང་དང་རྒྱལ་ཁབ་ཀྱིས་མུ་མཐུད་དུ་མ་དངུལ་གཏོང་བ་དང་རྒྱབ་སྐྱོར་བྱས་པའི་འོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཡིད་ཆེས་བརྟན་པོ་དང་བློ་ཐག་རྦད་ཆོད་ལ་བརྟེན་ནས་མདོ་ལ་རི་བོ་འདུས་པའི་མངའ་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁྱིམ་གཞིས་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ། བུ་རབས་ཚ་རྒྱུད་ལ་རི་ཆུ་སྔོ་ལྗང་དང་མཁའ་དབུགས་དྭངས་གཙང་ཡིན་པའི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་བསྐྲུན་པར་འབད་བརྩོན་བྱེད་ཀྱིན་ཡོད། ད་ལྟ་ང་ཚོས་དགའ་འོས་བ་ཞིག་ནི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད་ཟེར།

གླེང་སྟེགས་ཀྱི་སྐབས་སུ། ཡོན་ཧྲི་དང་ཆེད་མཁས་པ་བཅུ་གསུམ་གྱིས་གནམ་དང་ས། མི་བཅས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་ཚེ་སྲོག་ལས་སྐལ་གཅིག་པའི་ཚོགས་པ་བརྗོད་དོན་གཙོ་བོ་བྱས་ནས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་སྲུང་སྐྱོབ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ལྗང་མདོག་འཕེལ་རྒྱས་སོགས་ནང་དོན་ཐད་ལ་གཏམ་བཤད་སྤེལ་ཏེ། མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ཕུལ་བ་དང་། མཚོ་བྱང་ཁུལ་གྱིས་ནན་ནན་ཏིག་ཏིག་གིས་བློ་མཐུན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པར། མིག་རྒྱང་གསར་བ་ཆེ་རུ་བསྐྱེད་པ་དང་། བསམ་ཕྱོགས་གསར་བ་བཏོན་པ་དང་། མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་མཚོ་བྱང་གི་དཔེ་དབྱིབས་དང་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤེལ་བྱེད་པར་ནུས་པ་གལ་ཆེན་འདོན་ངེས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཐོ་རིམ་གླེང་སྟེགས་བསྡུས་པ་དེས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ས་བཅས་ཀྱི་ཚེ་སྲོག་ལས་སྐལ་གཅིག་པའི་ཚོགས་པ་ཡིས་ཡོངས་ཁྱབ་ཀྱི་ངོས་ཟིན་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ནུས་ཡོད་སྒོས་སྐུལ་འདེད་བྱེད་ངེས་རེད།

                                                                                                                           ལོ་ཙཱ་བ། སྒྲོལ་མ་སྐྱིད།