མཚོ་སྔོན་གྱི་སྔོ་ལྗང་རི་ཆུ་སྲུང་སྐྱོབ་བྱེད་དགོས།
2018.09.04 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 46

 ཉེ་སྔོན་བསྡུས་པའི་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གྲས་སུ་རེ་ཞུ་ཕུལ་བ་ལེགས་འགྲུབ་བྱུང་བའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་དེ་ནི། ཨ་ཆེན་གངས་རྒྱབ་ཤུལ་བཞག་གྲུབ་འབྲས་ཀྱི་གཅིག་སྡུད་འགྲེམ་སྟོན་ཐེངས་ཤིག་ཡིན་པ་དང་། ལྷག་པར“མིའི་རིགས་ཀྱི་ཆེས་མཐའ་མཇུག་གི་དག་ཞིང”སྲུང་སྐྱོབ་བྱེད་ཐུབ་པ་དང་། མཚོ་སྔོན་གྱི་སྔོ་ལྗང་རི་ཆུ་སྲུང་སྐྱོབ་བྱེད་ཐུབ་པ། མགྱོགས་མྱུར་ངང་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱ་བའི་སྐུལ་འདེད་ཆེན་པོ་ཞིག་ཀྱང་རེད།

ཨ་ཆེན་གངས་རྒྱབ་ནི། འཛམ་གླིང་དུ་མིའི་རིགས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེས་ཆུང་བའི་ས་ཁུལ་གྱི་ཡ་གྱལ་ཞིག་ཡིན་སྟབས། གཙོད་དང་འབྲོང་སོགས་རི་སྐྱེས་སྲོག་ཆགས་དཀོན་པོ་དག་གི་འཚོ་གནས་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་དུ་རང་བྱུང་མཛེས་ལྗོངས་ཀྱི་ཆེས་དཔེ་མཚོན་ལྡན་པ་དང་། རང་སོར་གནས་པ་ཆེས་འཐུས་ཚང་ཡིན་པའི་ས་ཁུལ་གྲས་ཀྱི་གཅིག་ཀྱང་ཡིན། ཤུལ་བཞག་སྙན་ཞུའི་བྱ་བ་མགོ་བརྩམས་ཏེ་ལོ་ངོ་གཉིས་འདས་པའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུ་དང་། འགག་སྒྲོལ་དཀའ་སེལ། འཚོལ་ཞིབ་གསར་གཏོད། ལག་ལེན་ཧུར་ཐག་བྱས་པས། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་ཐོ་བཏོན་པའི་ས་ཆར་གྱུར་ཅིང་། འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས41པའི་སྟེང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས《འཛམ་གླིང་ཤུལ་བཞག་མིང་ཐོ》གྲས་སུ་ཚུད་པ་དེས། ཤུལ་བཞག་རེ་ཞུའི་བྱ་བ་བདེ་བླག་ངང་གྲུབ་པ་མཚོན་ཡོད། ཤུལ་བཞག་རེ་ཞུའི་གོ་རིམ་དཀའ་ཚེགས་ཆེ་ཞིང་། ཤུལ་བཞག་རེ་ཞུའི་ལེགས་འགྲུབ་ལས་སླ་མོ་མིན་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བརྟན་པོའི་དྲིན་ལས་བྱུང་བ་དང་། འཛམ་གླིང་ཁོར་སྲུང་དང་རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཀྱི་པུའུ་ཨུ། འབྲེལ་ཡོད་ཆེད་མཁས་པ། ས་ཁུལ་སྡེ་ཁག་དག་གི་རྒྱབ་སྐྱོར་ཆེན་པོ་ལས་བྱུང་ཞིང་། སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་མཐུད་འབད་བརྩོན་ལས་བྱུང་བ། སྤྱི་ཚོགས་ལས་རིགས་ཁག་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་གི་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་རེད།

ཤུལ་བཞག་རེ་ཞུའི་འདས་པའི་བགྲོད་ལམ་ལ་ཕྱིར་ལྟ་བྱས་ཚེ། ང་ཚོར་ཨ་ཆེན་གངས་རྒྱབ་ཀྱི་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་ནི། འཛམ་གླིང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གནས་སྟངས་ཆེན་མོར་མཉམ་འདྲེས་བྱུང་བའི་རྒྱལ་ཁའི་ལག་ལེན་ཞིག་དང་། “རང་རྟོན་བཞི”ཇེ་དྲག་ཏུ་འགྲོ་བའི་རྒྱལ་ཁའི་ལག་ལེན་ཞིག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བྱེད་པའི་རྒྱལ་ཁའི་ལག་ལེན་ཞིག མཛེས་སྡུག་མཚོ་སྔོན་གྱི་སྣང་བརྙན་ཕྱི་ལ་སྟོན་པའི་རྒྱལ་ཁའི་ལག་ལེན་ཞིག་བཅས་ཡིན་པའི་ངོས་ཤེས་ཟབ་མོ་སྐྱེས་འོང་། ཨ་ཆེན་གངས་རྒྱབ་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་དེས། ང་ཚོར་རང་བྱུང་གི་ལྷིང་འཇགས་དང་། འཆམ་མཐུན། མཛེས་སྡུག་གི་རེ་བ་མཐོང་དུ་བཅུག་ཅིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བགྲོད་ལམ་གསར་པ་མགོ་བརྩམས་ཟིན་པ་དང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་རང་རྟོགས་སྒོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་དགོངས་པ་ལག་ལེན་དང་། ཏན་ཏན་ཏིག་ཏིག་གིས་རྗེས་ཕྱོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

ང་ཚོས་ཤུལ་བཞག་རེ་ཞུའི་ཕན་འབྲས་རྒྱ་བསྐྱེད་དེ།《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས》ལྟར། རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཀྱི་དམ་བཅའ་ལག་བསྟར་ནན་མོ་དང་། མཚོན་རྟགས་ཀྱི་དགེ་མཚན་དེ་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་སུ་བསྒྱུར་དགོས་པར་མ་ཟད། དགེ་མཚན་ལ་བརྟེན་ནས་སྟོབས་ཤུགས་འདོན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་གཉན་པོ་གཡུ་རྩེ་དང་། ཨ་མྱེས་རྨ་ཆེན། མཚོ་སྐྱ་རེངས་དང་སྔོ་རིང་། དེ་མིན་མཚོ་སྔོན་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཡོངས་ཁྱབ་ཞིབ་བཤེར་བྱ་བ་སྤེལ་ཏེ། འོས་འཚམ་གྱི་དུས་ཚོད་ནང་རང་ཞིང་གི་འཛམ་གླིང་རང་བྱུང་ཤུལ་བཞག་གཉིས་པའི་ས་ཁུལ་རེ་ཞུའི་བྱ་བ་བསྒྲུབ་དགོས་ལ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མཚན་སྙན་ཡོད་པའི་འཛམ་གླིང་ཤུལ་བཞག་གི་ཚོང་རྟགས་རྒྱུན་མ་ཆད་པར་བསྐྲུན་དགོས་པ་དང་། ང་ཚོས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་བཏང་ནས།  ཚན་རིག་གིས་སྣེ་ཁྲིད་པའི་རང་བྱུང་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ་དང་། དུས་རྒྱུན་ལྟ་སྐུལ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། ཆ་འཕྲིན་ཐག་གཅོག་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་འཛུགས་སྐྲུན་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ས་ཆ་སྲུང་སྐྱོབ་སྲོལ་ཡིག》སོགས་ཁྲིམས་ལུགས་ཚད་གཞི་ལག་བསྟར་ནན་མོ་བྱས་ཏེ། ཁྲིམས་ལུགས་ལག་བསྟར་དང་ཞིབ་བཤེར་གྱི་སྟོབས་ཤུགས་ལ་ཤུགས་སྣོན་དང་། ཁྲིམས་ལྟར་རང་བྱུང་ཤུལ་བཞག་ས་ཆ་སྲུང་སྐྱོབ་གང་ལེགས་བྱེད་དགོས། ང་ཚོས་མགྱོགས་མྱུར་གྱིས་སྒོ་འབྱེད་དང་མཉམ་ཞུགས་བྱེད་དགོས་ལ། རྒྱལ་སྤྱིའི་ཤུལ་བཞག་ས་ཆའི་སྲུང་སྐྱོབ་དོ་དམ་ལས་ཁུངས་དང་མཉམ་འབྲེལ་བྱེད་པའི་ནང་རྐྱེན་འཛུགས་པ་དང་། ཧུར་ཐག་སྒོས་རིག་གཞུང་བརྗེ་རེས་དང་། རྒྱལ་སྤྱིའི་སྔོན་ཐོན་གྱི་སྲུང་སྐྱོབ་འདུ་ཤེས་དང་ལག་རྩལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཕྱི་ཕྱོགས་སུ་བརྗེ་རེས་མཉམ་ལས་སྤེལ་བ། འཛམ་གླིང་ཤུལ་བཞག་ས་ཆའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས།

ང་ཚོས་གླེང་ཕྱོགས་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། འཛམ་གླིང་ཤུལ་བཞག་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ་སློབ་གསོ་ཟུང་འབྲེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། རྒྱ་ཆེའི་ལས་བྱེད་དང་མང་ཚོགས་རྣམས་ཧུར་ཐག་སྒོས་ཤུལ་བཞག་ལ་དགའ་བ་དང་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་པར་སྣེ་ཁྲིད་ནས། ཇུས་ཤུགས་མཉམ་འདོན་དང་མཉམ་སྐྱོང་མཉམ་རོལ། ཤུལ་བཞག་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས།

འཛམ་གླིང་ཤུལ་བཞག་ནི་ང་ཚོའི་ཡིན་ལ་དེ་བས་ཀྱང་འཛམ་གླིང་གི་ཡིན། སྲུང་སྐྱོབ་ནི་ང་ཚོའི་འོས་འགན་ཡིན་ཞིང་། རྒྱུད་འཛིན་ནི་ང་ཚོའི་འགན་འཁྲི་ཡིན། ང་ཚོས་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་གཏིང་ཟབ་བྱ་དགོས་ལ། སྔར་ལས་དྲག་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་ཀྱིས“མིའི་རིགས་ཀྱི་ཆེས་མཐའ་མཇུག་གི་དག་ཞིང”བསྲུང་དགོས་ལ། མཚོ་སྔོན་གྱི་སྔོ་ལྗང་རི་ཆུ་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་དགོས། །

                                                                                                             རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།