གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱིས་ཧུར་ཐག་སྒོས་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་བཙུགས་པ།
2018.09.04 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

 གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་པའི་ལོ་ངོ་གཉིས་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་སྒོས་ཆུ་མགོའི་འགན་འཁྲི་ལག་བསྟར་དང་། སྤོབས་པ་ཆེན་པོས་ཚོད་ལྟ་དང་བརྟན་བརླིང་ངང་མདུན་ལ་བསྐྱོད་དེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རིམ་གྱིས་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ཁུལ། སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཁུལ། རང་བྱུང་ཤུལ་བཞག་ས་ཆ་བཅས་གཞི་གཅིག་ཏུ་འདུས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་བཙུགས།

ཚོད་ལྟ་ལག་བསྟར་བྱས་པའི་ལོ་ངོ་གཉིས་ཀྱི་རིང་ལ། མཚོ་སྔོན་གྱིས་གཙོ་གནད་དེ་སྔོན་ཆད་ཡོད་པའི་སྐྱེ་ཁམས་སྲུང་སྐྱོབ་སྒྲིག་སྲོལ་གྱི“འགག་གནས”ལ་དམིགས་ཏེ།བསྟུད་མར་གླིང་ཁུལ་གྱི་རྫོང་བཞིའི་སྡེ་ཁག་ཆེན་མོའི་ལམ་ལུགས་བཅོས་བསྒྱུར་དང་། བདག་སྐྱོང་ལས་འགན་གཅིག་སྡུད། སྲུང་སྐྱོབ་དོ་དམ་ཚད་གཞི་གཏན་འབེབས། སྐྱེ་ཁམས་བདག་སྐྱོང་ལས་རྐང་བཀོད་སྒྲིག་སོགས་སྒྲིག་སྲོལ་ཚོད་ལྟའི་བཅོས་བསྒྱུར་ལས་འགན31བཙུགས་ཤིང་། ཕན་ནུས་ལྡན་པའི་སྒོ་ནས་སྔོན་ཆད་ཀྱི་སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་བཅོས་བསྒྱུར་དང་། སྣ་མང་དོ་དམ་གྱི་རྣམ་པ་ལེགས་བསྒྱུར་བྱས།

ལོ་གཉིས་ཀྱི་རིང་ལ། ཚོད་ལྟ་ས་ཁུལ་གྱིས་གླིང་ཁུལ་དང་འབྲེལ་བའི་རྫོང4ཡི་སྐྱེ་ཁམས་ཀྱི་འབྲེལ་ཡོད་སྡེ་ཁག་སྤྱིའི་ཆ་ནས25%ཁུ་བསྡུ་བྱས་པ་དང་། གསོ་སྦྱོང་ཐོབ་ཟིན་པའི་འབྲོག་པ་ཁྲི1.72སྤྱི་གླིང་སྐྱེ་ཁམས་ཀྱི་བདག་སྐྱོང་པར་འགྱུར་བར་སྐུལ་འདེད་བཏང་ཞིང་། ཆེས་ཐོག་མའི་སྐྱེ་ཁམས་ཁྲིམས་ཁང་བཙུགས་པ་དང་། ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྱབ་བསྒྲགས་དང་། སློབ་ཆེན་དུ་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གི་ཆེད་ལས་བཙུགས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་། ལག་རྩལ་ཚད་གཞིའི་ཕྱོགས་སྟོན། ཚད་གཞིའི་མ་ལག་མཛུབ་སྟོན་སོགས་ལམ་ལུགས10ལྷག་བཏོན།

རང་བྱུང་སྲུང་སྐྱོབ་ཁུལ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་གྱི་དམ་འཛིན་བྱེད་ས་གཙོ་བོ་གཞན་ཞིག་ཡིན། འབབ་རྒྱུད་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་སྟོང་་གཉིས་སུམ་བརྒྱར་བུད་པ་དང་། དེའི་ནང་དུ་རང་བྱུང་སྲུང་སྐྱོབ་ཡན་ལག་ཁུལ18ཡོད།

ཉེ་བའི་ལོ་གཉིས་ཀྱི་རིང་ལ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་ནང་གི་རང་བྱུང་སྲུང་སྐྱོབ་ཀྱི་ཡན་ལག་ཁུལ་ཕལ་ཆེ་བ་ཞིག་གིས་ཁྱོན་ཡོངས་ནས་སྐྱེ་ཁམས་མ་ལག་གི་བྱེད་ནུས་བསྐྱར་སྒྲིག་མངོན་འགྱུར་བྱུང་ཟིན་པ་དང་། སྔོན་ཆད་ཡོད་པའི་རྒྱལ་ཁབ་ཀྱི་ས་ཁོངས། ཉ་ལས་སྲིད་འཛིན། ནགས་ཚལ་སྤྱི་བདེ། ཁོར་ཡུག་ལྟ་ཞིབ། རྩྭ་ཐང་དོ་དམ་སོགས་སྐྱེ་ཁམས་ཁྲིམས་འཛིན་གྱི་འབྲེལ་ཡོད་སྡེ་ཁག་དག་ཀྱང་གཅིག་སྡུད་ལེགས་པོ་བྱས། དེ་ལས་གཞན། མཚོ་སྔོན་གྱིས་ད་དུང་ཞིན་ཅང་དང་། བོད་ལྗོངས། ཀན་སུའུ་སོགས་ཁྱིམ་མཚེས་ཞིང་ལྗོངས་དག་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་ལས་བྱེད་པའི་བརྗེད་བྱང་ཟིན་ཐོ་དང་སྲུང་སྐྱོབ་ཁུལ་གྱི་མཉམ་ལས་མནའ་འབྲེལ་སྒྲིག་ཡིག་སྟེང་མིང་རྟགས་བཀོད་དེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྔོན་ཆད་ཀྱི་ཐར་ཐོར་ཅན་དང་མཐའ་གཅིག་ཅན་གྱི་དོ་དམ་བྱེད་ཐབས་མེད་པར་བཏང་།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་ཁུལ་སླར་གསོ་དང་བཅོས་སྐྱོང་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ་ནི། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་སྔོན་ཆད་དུས་སྐབས་ཤིག་གི་རིང་ལ་སྐྱེ་ཁམས་ཞན་འགྱུར་གྱི་འཇིགས་པ་ཆེན་པོར་འཕྲད་མྱོང་བ་དང་། ཉེ་བའི་ལོ་གཉིས་ཀྱི་རིང་ལ། ས་ཁོངས་ཡོངས་ཀྱི་རང་བྱུང་ཉམས་གསོ་དང་བཟོ་འགོད་བཅོས་སྐྱོང་ཕན་ཚུན་ཟུང་འབྲེལ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་སྲ་བརྟན་དུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས། སྐྱེ་ཁམས་ཉམས་གསོའི་མ་དངུལ་སྒོར་དུང་ཕྱུར20ལ་ཉེ་བ་ཞིག་དོན་འཁྱོལ་བྱས་པ་དང་། མིའི་ཐབས་ཀྱིས་རྩྭ་འདེབས་པ་དང་། རྩྭ་ཐང་ལ་གནོད་པ་ཡོད་པའི་སྐྱེ་དངོས་འགོག་པ། བྱེ་འགྱུར་ཅན་བཅོས་སྐྱོང་སོགས་ཀྱི་བཟོ་འགོད་ལག་བསྟར་བྱས་ཏེ་ཐོག་མའི་གྲུབ་འབྲས་མངོན།

ཆེས་གསར་པའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་མཇུག་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་བྱེ་འགྱུར་ས་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་དེ་སྐྱེ་ཁམས་ཞན་འགྱུར་ཆེས་ཚབས་ཆེན་ཡིན་པའི་སྐབས་ཀྱི33.36%ནས་ད་ལྟའི40%ཙམ་གྱི་བར་དུ་མཐོར་འདེགས་བྱུང་བ་དང་། རྩྭ་ཐོན་སྐྱེད་བྱས་ཚད་སྤྱི་ཆིང་རེ་ནས་སྟོང་ཁེ3082ལ་སླེབས་པ་དང་། ལྗོན་ཤིང་དང་ཤིང་ཕྲན་ནགས་ཀྱི་སྟུག་ཚད་དང་གསོག་ཚད་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཡོད། །

                                                                                                                              རྩོམ་སྒྲིག་པ།  སྒྲོལ་མ་སྐྱིད།