གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།
2018.09.04 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 43

 གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་སྐྲུན་ལ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་བདུན་དང་བྱེ་བ་གཅིག་ས་ཡ་གཅིག་བཏང་ཞིང་། དེས་སྤྱིའི་མ་དངུལ་གྱི་བརྒྱ་ཆའི་དྲུག་ཅུ་ལྷག་ཟིན་པ་དང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་ལྔ་དང་བྱེ་བ་བཞི་ས་ཡ་བརྒྱད་ཡོངས་འགྲུབ་བྱས།

རང་འགུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་ཏུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་དང་། ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས། ད་ལོར། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་དུས་དཀྱིལ་གྱི་དཔྱད་འཇོག་མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་བྱས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་འཇགས་ངང་ཇེ་མཐོར་སོང་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་ཏུ་གྱུར། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཞུང་སྒྲུབ་ཁང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་བདུན་དང་བྱེ་བ་གཅིག་ས་ཡ་གཅིག་བཏང་ཞིང་། དེས་སྤྱིའི་མ་དངུལ་གཏོང་བའི་འཆར་འགོད་ཀྱི་བརྒྱ་ཆའི་དྲུག་ཅུ་ལྷག་ཟིན་པ་དང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གོ་ལྔ་དང་བྱེ་བ་བཞི་ས་ཡ་བརྒྱད་ཡོངས་འགྲུབ་བྱས།

མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་ཀྱི་ཚྭ་མེད་ཆུ་བོའི་ཐོན་ཁུངས་ཀྱི་ཁ་གསབ་ས་ཁུལ་གཙོ་བོ་ཡིན་ལ། ཡ་གླིང་དང་སའི་གོ་ལའི་ཕྱེད་བྱང་མ། ཐ་ན་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་ས་ཁུལ་གཙོ་བོ་ཡིན་པས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཐུན་མོང་མ་ཡིན་པའི་གོ་གནས་གལ་ཆེན་བཟུང་ཡོད།

ད་ལོར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བཞི་དངོས་འབེབས་བྱས་པ་དང་། ལོ་འཁོར་གྱི་དམིགས་འབེན་ཁྲོད་མ་དངུལ་སྒོར་དུང་ཕྱུར་དགུའི་ལས་གཞིའི་མ་དངུལ་དང་དེར་བསྟུན་གྱི་འཛུགས་སྐྲུན་ལས་འགན་གཏན་འཁེལ་བྱས། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་གི་བར་བསྡོམས་པས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་ལྔ་ཡོངས་འགྲུབ་བྱས་པ་དང་། མ་དངུལ་སྒོར་བྱེ་བ་ལྔ་ལྷག་འགྲུབ་བྱས་ཏེ། ལོ་སྟོད་ཀྱི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་བཅུ་གཅིག་ལྷག་ཟིན་ཡོད།

གནད་སའི་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས་པ་ནས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། ད་ལྟའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་བ་དང་། སྐྱེ་ཁམས་ཀྱི་དམིགས་ཚད་སྣ་ཚོགས་རྒྱུན་ཆད་མེད་པར་ཇེ་བཟང་དུ་འགྲོ་བཞིན་ཡོད།  གསའ་དང་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་མང་པོ་མི་རྣམས་ཀྱི་མཐོང་ལམ་དུ་རྒྱུ་ཞིང་། རི་དྭགས་གཙོད་ཀྱི་གྲངས་ཀའང་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ལས་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད།

ད་ལོའི་ལོ་འགོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་དུས་རིམ་དུ་ཞུགས་པ་མཚོན་ལ། 2020ལོའི་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་གཏན་འཁེལ་གསལ་བོ་བྱས།

2017ལོར་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་བའི་རྨང་གཞིའི་སྟེང་། 2018ལོར་མུ་མཐུད་དུ་མ་དངུལ་སྒོར་དུང་ཕྱུར་བརྒྱད་བཏང་ཏེ། རིགས་ཆེན་པོ་གསུམ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཉེར་གསུམ་ལག་བསྟར་བྱས་པའི་དུས་མཚུངས་སུ། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་བཏང་ཏེ། རྒྱལ་ཁབ་སྤྱི་གླིང་དུ་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་གྱི2018ལོའི་ལོ་འཁོར་གྱི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས།

ཐོན་ཁུངས་གཙོ་བོའི་འདེགས་སྐྱོར་ནུས་པ་རིམ་བཞིན་ཇེ་དྲག་ཏུ་བཏང་། མིག་སྔའི་བར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྔ་གཞུག་ཏུ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་བཏང་ཏེ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྲུང་སྐྱོབ། ཚན་རྩལ་ཁྱབ་སྤེལ་སློབ་གསོའི་ཞབས་ཞུ་སྒྲིག་ཆས། གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཉེར་གསུམ་གནད་སར་བཟུང་ནས་ལག་བསྟར་བྱས།

2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་མགོ་མཇུག་བར་གསུམ་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་དེ་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་འདྲེན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》གཏན་འབེབས་ལག་བསྟར་བྱས། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་ངོས་ཐད་ནས་དོ་དམ་སྒྲིག་གཞི་བཙུགས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གཅིག་བསྡུས་བྱས་ནས་ཐོན་ཁུངས་ཁོར་ཡུག་གཅིག་གྱུར་གྱིས་དོ་དམ་བྱེད་པ་སོགས་ལག་བསྟར་བྱས་ཏེ། སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པ་མེད་པར་བཟོ་བ་དང་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནན་མོ་མིན་པའི་གནད་དོན་ཐག་གཅོད་བྱེད་པར་གྲུབ་འབྲས་གསར་བ་བླངས། དེ་མིན་ད་དུང་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ཅུས་དང་དོ་དམ་ཡན་ལག་ཅུས་བཙུགས་ཏེ། ཧུར་ཐག་གིས་རང་བྱུང་ཐོན་ཁུངས་རྒྱུ་ནོར་གཅིག་བསྡུས་དང་གཅིག་གྱུར་གྱིས་དོ་དམ་བྱེད་པའི་ནུས་ཡོད་བྱེད་ཐབས་འཚོལ་ཞིབ་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་སུ་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་། རྒྱལ་ཁབ་མངའ་ཁོངས་བཀོལ་སྤྱོད་དོ་དམ་ལམ་ལུགས་ཀྱི་གཅིག་གྱུར་ལག་ལེན་གཉིས་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྒྱལ་ཁབ་ལ་དབང་དང་དམངས་ཡོངས་ཀྱིས་མཉམ་དུ་སྤྱོད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་བཅས་ལ་སྒྲིག་སྲོལ་གྱི་རྨང་གཞི་བཏིང་།

ཉེ་ལམ། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱིས་རྒྱལ་ནང་དུ་རི་དྭགས་གཙོད་གནས་སྤོ་སྲུང་སྐྱེལ་རུ་ཁག་ཐོག་མ་བཙུགས་ཤིང་། འབྲོག་པ་བཞི་བཅུ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ནས་རི་དྭགས་གཙོད་སྲུང་སྐྱེལ་པར་གྱུར། རུ་གཙོ་སྐལ་བཟང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཞང་ལུ་ཁྲི་སྡེ་བའི་འབྲོག་པ་ཞིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་གྲས་ཀྱི་གཅིག་ཀྱང་ཡིན།

ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་གཏོང་ཆེད།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ལ།   སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་ནང་རྐྱེན་བཙུགས་ཏེ། ཁྱོན་ཡོངས་ནས་གླིང་ཁུལ་དུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་རྣམ་པ་མངོན་འགྱུར་བྱས། མིག་སྔར་བསྡོམས་པས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་ཡོད་ལ། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་ཡོད།

ད་ལྟ། གཙང་གསུམ་འབྱུང་ཡུལ་དུ་ས་གནས་འབྲོག་པ་མང་ཚོགས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་སྐྱོད་བཟང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་། ཀྲུང་ཧྭ་ཆུ་མཛོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་འགྲོ་བཞིན་ཡོད།

                                                                                                                           ལོ་ཙཱ་བ། སྒྲོལ་མ་སྐྱིད།