ཞིང་ཆེན་སྲིད་གྲོས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་ལ་རྩ་འཛུགས་རྟོག་ཞིབ་དང་གྲོས་མོལ་བྱས་པའི་གནས་ཚུལ།
མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་མཐོ་སྒང་གི་སྐྱེ་དངོས་ཐོན་ཁུངས་ཤིག་ཡིན་པའི་ཆ་ནས། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་བོར་མཚོན་ན་རིན་ཐང་གི་དོན་སྙིང་ཆེན་པོ་ལྡན། 2016ལོའི་ཟླ་གསུམ་པར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་སྟེ་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དེ་རང་ཞིང་དུ་ལག་བསྟར་བྱེད་མགོ་བརྩམས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱས། ཞིང་ཆེན་སྲིད་གྲོས་ཀྱིས་ཉེ་ལམ་བསྡུས་པའི་ཟླ་ཟུང་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་བཅས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་ལ་ཧུར་ཐག་གིས་ཇུས་གཞི་བཏོན།
གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་གནང་བའི་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་དང་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་ནང་གནས་ཀྱི་དགོས་མཁོའང་ཡིན་པ་རེད། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་སྒྲིག་སྲོལ་ནང་རྐྱེན་དང་ལམ་ལུགས་འཛུགས་སྐྲུན། ཚོང་རའི་ནང་རྐྱེན་བཅས་ཀྱི་ཞན་ཆ་གསུམ་ཁ་གསབ་བྱེད་པ་དང་། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་བའི་རེ་སྨོན་སྐོང་དགོས་པ་རེད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་ནི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། དམངས་ཚིས་ལེགས་བཅོས་ཀྱི་བྱེད་ཐབས་གལ་ཆེན་དང་གནད་འགག་ཀྱང་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དེ་བཅོས་སྒྱུར་གྱི་བཟོ་སྐྲུན་གཙོ་བོ་ཞིག་ཏུ་བརྩི་བ་དང་། དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་དེ་རྒྱལ་ཁབ་སྤྱི་གླིང་གི་བྱ་བ་སྣ་ཚོགས་ཀྱི་རྨང་གཞིར་བརྩིས་ནས། ཕྱོགས་སོ་སོའི་བློ་གྲོས་གཅིག་བསྡུས་དང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱས།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་དང་། ཁྱད་པར་དུ་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིལ་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ལ། རང་ཞིང་གིས་མགོ་མཇུག་བར་གསུམ་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དམངས་ཚིས་ལེགས་བཅོས་ཕན་ཚུན་སྐུལ་སྤེལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར་ཕན་ཚུན་རམ་འདེགས་བྱེད་པ་མངོན་འགྱུར་བྱུང་བ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཚད་མུ་མཐུད་ནས་ཇེ་ཆེར་སོང་ཞིང་། གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམ་མཚུངས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་། སྤྱི་ཚོགས་འགན་སྲུང་ཆུ་ཚད་རིམ་བཞིན་མཐོར་འདེགས་བྱུང་བ་དང་། སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་ཕན་འབྲས་ཐོབ་པ། སློབ་གསོ་དང་འཕྲོད་བསྟེན་ལས་དོན་ལ་འཕེལ་རྒྱས་བྱུང་བ། སྡོད་ཁུལ་གྱི་ཕྱོགས་བསྡུས་འགན་སྲུང་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་པ་དང་། འབྲོག་པ་མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དངོས་ཕན་ལོངས་སུ་སྤྱོད་ཐུབ་པར་གྱུར།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་དེ་སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་དང་དབུལ་ཐར་མཁྲེགས་གཏོར། སྤྱི་ཚོགས་འགན་སྲུང་སོགས་ལ་འབྲེལ་བའི་དམངས་ཚིས་བྱེད་ཐབས་ཤིག་ཡིན་པར་མ་ཟད། མ་ལག་རང་བཞིན་གྱི་བཟོ་སྐྲུན་ཞིག་ཀྱང་ཡིན། བཟོ་སྐྲུན་འཛུགས་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་ཐུབ་མིན་དེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟར་སྐུལ་སྤེལ་བྱེད་པར་དོན་སྙིང་ཆེན་པོ་ལྡན།
ཞིང་ཆེན་སྲིད་གྲོས་ཀྱིས་དཀྱིལ་སྙིང་ལ་དམིགས་ཏེ་ཆེ་ཕྱོགས་ལ་ཞབས་ཞུ་བྱེད་པའི་བྱ་བའི་བྱེད་ཕྱོགས་གཙོ་བོ་དམ་འཛིན་བྱས་ཤིང་། ཧུར་ཐག་གིས་འགན་ནུས་འདོན་སྤེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་དེ་ཟླ་ཟུང་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས། ཐེངས་འདིའི་ཟླ་ཟུང་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་བདེ་བླག་ངང་འཚོགས་ཆེད། ད་ལོའི་ཟླ་གསུམ་པ་ནས་བཟུང་། ཞིང་ཆེན་སྲིད་གྲོས་ཀྱིས་རྟོག་ཞིབ་གྲ་སྒྲིག་བྱ་བ་ནན་ཏན་སྒོས་ལེགས་པོར་བསྒྲུབས།
ཞིང་ཆེན་སྲིད་གྲོས་ཀྱི་ཏང་རྩ་འཛུགས་ཀྱིས་དེ་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་དུས་སྐབས་སྔོན་མའི་རྟོག་ཞིབ་བྱ་བ་ལེགས་སྒྲུབ་དང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བདེ་བླག་ངང་འཚོགས་པར་རེ་བ་ནན་མོ་བཏོན། ཞིང་ཆེན་སྲིད་གྲོས་མི་གྲངས་དང་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་འབྲེལ་ཡོད་ཆེད་མཁས་པའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། དུས་རིམ་དང་ཁག་བགོས་ནས་རྟོག་ཞིབ་བྱེད་པའི་བྱ་བའི་ཇུས་གཞི་གཏན་འཁེལ་བྱས་ཤིང་། གནས་ཚུལ་བརྡ་ཁྱབ་ཚོགས་འདུ་བསྡུས་ཏེ། གནས་ཚུལ་ལ་ཉན་པ་དང་། སྲིད་གྲོས་ཨུ་ཡོན་དང་དམངས་གཙོ་ཏང་ཁག་སོ་སོའི་ཨུ་ཡོན་གྱིས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འབྲེལ་ཡོད་རྟོག་ཞིབ་བྱ་བ་སྤེལ།
ནན་ནན་ཏིག་ཏིག་དང་གཏིང་ཟབ་ཏུ་རྟོག་ཞིབ་བྱེད་པ་ནི་ཐབས་ཇུས་དང་ཇུས་གཞི་འདོན་པའི་རྨང་གཞི་ཡིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གླིང་ཁུལ་གསུམ་ལ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། སྔ་གཞུག་ཏུ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་གཉིས་བསྡུས་ཏེ། འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་ལ་ཉན་པར་མ་ཟད་གཞི་རིམ་གྱི་སྲུང་སྐྱོབ་ས་ཚིགས་དང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། འབྲོག་པ་ཁྱིམ་ཚང་ཁ་ཤས་བཅས་སུ་སོང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་མཉམ་ལས་ཁང་གི་བདག་གཉེར། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། རྟོག་ཞིབ་བྱས་པའི་རྨང་གཞིའི་སྟེང་། རྒྱུས་ལོན་བྱུང་བའི་གནས་ཚུལ་ལ་ནན་ཏན་སྒོས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། དཔྱད་གཞིའི་ཡིག་རིགས་བཅུ་བདུན་བསྐྲུན།
ཇི་ལྟར་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། ས་གནས་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ནས་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་འཇུག་པར། གྲོས་ཚོགས་སུ་ཞུགས་པའི་ཨུ་ཡོན་ཚོས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་བྱུང་།
ཨུ་ཡོན་ཐེན་ཅོན་ལེང་གིས་སྐྱེ་ཁམས་ཁ་གསབ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁ་གསབ་དངུལ་གཏོང་ཤུགས་ཚད་རྒྱ་བསྐྱེད་དེ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་སོགས་ལས་ཞུགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཧྲང་ཞིང་ཅོན་གྱིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་དམངས་ཚིས་ལེགས་བཅོས་ལས་གཞི་དངོས་འབེབས་ལག་བསྟར་བྱེད་པའི་གནད་དོན་ལ་མྱུར་དུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ལུགས་མཐུན་སྒོས་སྒྲིག་གཞི་བཀོད་སྒྲིག་བྱེད་པ་དང་། བྱ་བའི་འགན་འཁྲི་གསལ་བོ་བྱེད་པ། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་གྱི་ཤུགས་ཚད་སྔར་ལས་རྒྱ་བསྐྱེད་པ། ཚན་རིག་ལུགས་མཐུན་སྒོས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱེད་པ། གླིང་ཁུལ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་ཚད་གཞི་གཅིག་གྱུར་བྱེད་དགོས་པའི་གྲོས་གཞི་བཏོན།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲོ་ཁྲུང་ཕིན་གྱིས་གླིང་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ཏེ། ལུགས་མཐུན་སྒོས་འཛུགས་སྐྲུན་ཐད་བཀོལ་བའི་བྱེ་མ་དང་རྡོ་ཟེག་གི་རྒྱུ་ཆ་བཀོད་སྒྲིག་བྱེད་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཐུང་ལིས་ཀྱིས་ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ནང་འདྲེན། བཀོལ་སྤྱོད་བཅས་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་ས་བབ་དང་མཐུན་པའི་གད་སྙིགས་ཐག་གཅོད་ལག་རྩལ་གཅིག་བསྡུས་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་ས་བབ་དང་མཐུན་པའི་གད་སྙིགས་དོ་དམ་དཔེ་དབྱིབས་དང་འཁོར་སྐྱོད་ནང་རྐྱེན་བཙུགས་ནས། གད་སྙིགས་དོ་དམ་ཐག་གཅོད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཞེ་ཀྲན་ལིན་གྱིས་དྲིལ་སྒྲོག་གི་ཤུགས་ཚད་རྒྱ་བསྐྱེད་དེ། རྒྱུན་ཆད་མེད་པར་དམངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་བིས་ལིས་ཞིན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོབ་རིགས་གཞུང་མ་ལག་བཙུགས་ནས། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་མང་པོ་ཞིབ་འཇུག་གསར་སྤེལ་བྱེད་པ་དང་། གླིང་ཁུལ་དུ་ས་ཁོངས་ཀྱི་སྐྱེ་ཁམས་ཐེག་ནུས་ལ་དཔྱད་ཞིབ་གདེང་འཇོག་བྱེད་པའི་བྱ་བ་སྤེལ་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཧིག་ཡུས་ཀྲིན་གྱིས་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྩྭ་ཕྱུགས་དོ་མཉམ་ཡོང་བར་སྐུལ་འདེད་བྱེད་པ་དང་། ཚད་ལྡན་གྱི་སྣེ་ཁྲིད་ལ་བརྟེན་ནས་ནོར་ནག་དང་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བ། དེང་རབས་ཀྱི་ཚོང་གཉེར་ལག་རྩལ་ལ་བརྟེན་ནས་སྐམ་ལུག་གི་ཤ་དང་དེའི་ཐོན་རྫས་ཀྱི་མིང་གྲགས་ཇེ་མཐོར་གཏོང་དགོས་པའི་གྲོས་གཞི་བཏོན།
རྒྱུན་ལས་ཨུ་ཡོན་བང་ཧྭ་ཕེན་གྱིས་གླིང་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པ་དང་ཆབས་ཅིག ཧུར་ཐག་གིས་གཙང་གསུམ་འབྱུང་ཡུལ་གྱི་སྤྱི་ཚོགས་ཡར་ཐོན་དང་རིག་གནས་རྒྱུན་འཛིན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་མང་ཚོགས་འཚོ་སྡོད་དང་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས་པའི་གྲོས་གཞི་བཏོན།
རྒྱུན་ལས་ཨུ་ཡོན་ཚོ་ཧེ་ལིན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཞུང་ལམ་འཛུགས་སྐྲུན་བྱ་བར་ཧུར་ཐག་གིས་མཐུན་སྐྱོར་བྱེད་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་བཀོད་སྒྲིག་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་པ། རྒྱལ་ཁབ་ཀྱི་ངོས་ཐད་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཛུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འགྲེམ་སྟོན་གླིང་འཛུགས་པར་བརྩོན་ལེན་བྱེད་པ་དང་། ཧུར་ཐག་གིས་རྒྱལ་ཁབ་ཀྱིས་མཚོ་སྔོན་ནས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྒྲུབ་པར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཤེས་རིག་ཐོན་ལས་དེ་མཚོ་སྔོན་དུ་གཅིག་བསྡུས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀྲ་ཧྲུའུ་པེན་གྱིས་ཞིང་ཆེན་གྱིས་ཧུར་ཐག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུར་གནས་ཚུལ་དུས་ཐོག་ཏུ་ཡར་ཞུ་དང་མཐུན་སྦྱོར་བྱས་ཏེ། འབད་བརྩོན་སྒོས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་མཐའ་མཚམས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་དགོས་པའི་གྲོས་གཞི་བཏོན།
ལོ་ཙཱ་བ། སྒྲོལ་མ་སྐྱིད།