མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཅོས་བྱེད་པའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས།
2018.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཅོས་བྱེད་པའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས།

ཉེ་ལམ།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཅོས་བྱེད་པའི་ལག་བསྟར་ཇུས་གཞི་དཔར་ནས་བཀྲམ་སྟེ།  མཚོ་སྔོན་ཞིང་ཆེན་དུ་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཟབ་ནན་གྱིས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།

ཇུས་གཞིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཡོད་པ་དང་།  མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། དུས་ཐོག་ཏུ་གནོད་འཚེ་ཐེབས་པའི་ཁོར་ཡུག་བསྐྱར་གསོ་བྱེད་པ་དཀྱིལ་སྙིང་དུ་འཛིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་པའི་འགན་འཁྲི་གཙོ་བོར་བྱེད་པ།  སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་པར་གསལ་འབྱེད་དཔྱད་འཇོག་བྱེད་པར་ལག་རྩལ་གྱི་འདེགས་སྐྱོར་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་པར་སྐྱིན་ཚབ་འཇལ་བའི་གྱོད་གཞིའི་ལག་ལེན་དུ་བསྟར་བ་གནད་འགག་ཏུ་བརྩིས་ནས། ཁེ་ལས་ཀྱིས་བཙོག་སྐྱོན་བཟོ་བ་དང་། མང་ཚོགས་ལ་གནོད་འཚེ་ཐེབས་པ། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ལུགས་མཐུན་མིན་པའི་རྣམ་པ་མེད་པར་བཟོ་བ།  སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་དང་། ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལ་ཤུགས་སྣོན་པ། ཁོར་ཡུག་འདྲ་མཉམ་དྲང་བཞག་ལ་སྲུང་སྐྱོབ་བཅས་བྱས་ཏེ།  ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན།

ཇུས་གཞིའི་ནང་།   མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད།   ཞིང་ཆེན་གྱི་གནས་ཚུལ་ལ་རྐང་བཙུགས་ཏེ་བརྟན་འཇགས་སྒོས་སྐུལ་འདེད་གཏོང་བ་དང་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་བྱ་བའི་རྩ་དོན་ལྟར།   ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཅོས་བྱེད་པ་བརྒྱུད།  སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ཁྱབ་ཁོངས་དང་འགན་འཁྲི་གཙོ་བོ་སོགས་གཏན་ཁེལ་གསལ་བོ་བྱེད་དགོས་པ་དང་།  སྐྱེ་ཁམས་ཁོར་ཡུག་ཉམས་གསོ་དང་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་སྟེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞིའི་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཇུས་གཞིའི་བླང་བྱ་ལྟར།  མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཅོས་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་འགན་འཁྲི་ལས་བགོས་གསལ་བོ་བྱས་ལ།   བཟོ་བཅོས་གོ་རིམ་ཁྲོད་རྙེད་པའི་གནད་དོན་དང་དཀའ་གནད་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་པ་དང་།  ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྲིད་ཇུས་དོན་འཁྱོལ་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་དུས་བཅད་ལྟར་བཟོ་བཅོས་བྱ་བའི་འཕེལ་རིམ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།   ཇུས་གཞིའི་ནང་གཏན་ཁེལ་བྱས་པའི་དམིགས་འབེན་ལྟར།   ཉིས་སྟོང་ཉི་ཤུ་ལོའི་བར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ།  ལག་རྩལ་ཚད་ལྡན་ཡིན་པ།  འགན་སྲུང་ནུས་ཡོད་ཡིན་པ།   ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ་རེད།

                                                                                                                ལོ་ཙཱ་བ། སྒྲོལ་མ་སྐྱིད།