ཚན་རྩལ་གྱིས་སྣེ་ཁྲིད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་པ།
2018.09.07 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 37

 གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཕྱུགས་ལས་སྟེགས་བུ་འཛུགས་པར་སྐུལ་འདེད་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པར་བརྟན་བརླིང་གིས་སྐུལ་འདེད་བྱས་པར་བརྟེན།  རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།   2017ལོའི་ཚུན་ལ་རང་ཞིང་གིས་ཚན་རྩལ་གྱིས་སྣེ་ཁྲིད་བྱེད་པ་གཙོར་བཟུང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས།

ཚན་རྩལ་གསར་སྐྲུན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཕེལ་རྒྱས་དང་རྒྱལ་ཕམ་ཐག་གཅོད་བྱེད་པའི་རྩ་བའི་རྒྱུ་རྐྱེན་ཡིན།  ཉེ་བའི་ལོ་འདི་འགར་རང་ཞིང་གིས་ཚན་རྩལ་གསར་སྐྲུན་བྱེད་རྒྱུ་དེ་འཐབ་ཇུས་ཀྱི་རྟེན་གཞིར་བརྩིས་ནས།  རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་ཚན་རྩལ་གྱི་རམ་འདེགས་ཇེ་དྲག་ཏུ་བཏང་སྟེ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བྱས།   ཀྲུང་གོའི་ཚན་རིག་གླིང་དང་མཉམ་འབྲེལ་སྒོས་ཚན་རྩལ་ཞབས་ཞུའི་དྲ་རྒྱ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་རྩ་འཛུགས་བྱས་ཏེ། “སྐར་མ། མཁའ་དབྱིངས། ས་གཞི”བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་ཆེན་མོའི་སྟེགས་བུ་སྐྲུན་ནས།  གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྐྱེ་ཁམས་སྲུང་སྐྱོབ་ཇུས་ཆོད་ལ་ཚད་ངེས་ཅན་དང་སྤུས་ཚད་མཐོ་བའི་ཆ་འཕྲིན་གྱི་འདེགས་སྐྱོར་དང་གནད་འཁེལ་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས།  མཚོ་སྔོན་གྱི་ས་ཁོངས་རྒྱ་ཆེ་ལ་ས་གཤིས་ཀྱི་ཁྱད་ཆོས་རྙོག་འཛིང་ཡིན་པ།  སྐྱེ་ཁམས་མ་ལག་སྣ་མང་ཅན་དང་གཞི་གྲངས་ཀྱི་ཚད་གཞི་དོ་མཉམ་མིན་པ་བཅས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་དང་ལག་རྩལ་ཞིབ་འཇུག་དོ་དམ་ཚོད་འཛིན་བྱེད་པར་རྒྱབ་སྐྱོར་དང་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དང་འཚམས་པའི་དཔྱད་འཇོག་བྱེད་ཐབས་ལེགས་འདེམས་བྱས་ནས།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ལ་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་བསམ་འཆར་ཇུས་གཞི་གསུམ་ཡར་སྤྲད་དེ་ལེགས་འདེམས་བྱས་པའི་ཇུས་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་བྱས།

དུས་མཚུངས་སུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་དང་རྩྭ་སའི་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་ངོས་འཛིན་མ་ལག་འཛུགས་སྐྲུན་བྱས་ཏེ།  ཆ་འཕྲིན་སྟེགས་བུ་དང་དཔེར་མཚོན་དཔེ་སྟོན་ས་ཁུལ་རྫོང་རིམ་པའི་སྟེགས་བུའི་དྲ་འབྲེལ་བཀོལ་སྤྱོད་མངོན་འགྱུར་བྱས།

ཐོག་མའི་དུས་སུ་“རང་བྱུང་རྩྭ་སའི་སྟེང་ལུགས་མཐུན་གྱིས་ཕྱུགས་འཚོ་བ་དང་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན།  དོ་དམ་ལ་ཤེས་རིག་གིས་འདེགས་སྐྱོར་བྱེད་པ།  སྤུས་ལྡན་གྱིས་གཟན་རྩྭའི་རྒྱུ་ཆ་ལས་སྣོན་བྱེད་པ།  གཟན་རྩྭ་གནད་འཁེལ་གྱིས་བཀོད་སྒྲིག་བྱེད་པ། ནོར་ལུག་ལ་དགུན་དུས་ཀྱི་གཟན་རྩྭ་དང་བདེ་ཐང་གི་གསོ་སྤེལ་ཁ་གསབ་བྱེད་པ།  མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་ལ་ཆ་འཕྲིན་ཅན་གྱིས་དོ་དམ་བྱེད་པ།  ཕྱུགས་ལས་ཐོན་རྫས་སྤུས་ཚད་འཚོལ་ཞིབ་དང་གློག་རྡུལ་ཚོང་དོན་སྟེགས་བུ”འཛུགས་སྐྲུན་བྱས་ཤིང་། གཅིག་བསྡུས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འབྲེལ་མཐུད་བྱེད་ཐུབ་པར་བྱས་ནས།  གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པར་ཆ་འཕྲིན་དང་ལག་རྩལ་གྱིས་ཁྱོན་ཡོངས་ནས་འདེགས་སྐྱོར་བྱས།  གཞན་ད་རུང་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་དོན་གོ་རིམ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་བྱ་བ་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་ཀྱི་བླང་བྱ་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་རྒྱལ་ཁབ་གསར་སྐྲུན་དཔེ་སྟོན་ཁུལ་གཙོ་བོ་རུ་གསར་སྐྲུན་བྱེད་པར་ཚན་རྩལ་པུའུ་ལ་རེ་ཞུ་བཏོན་ཡོད།

ས་ནག་ཐང་ནི་རྩྭ་ས་ཞན་འགྱུར་ཧ་ཅང་ཚབས་ཆེ་བའི་སྣང་ཚུལ་ཅིག་ཡིན།  རྩྭ་ས་ཇེ་ཞན་ཏུ་སོང་རྗེས་ས་ཤུན་དམར་རྗེན་དུ་བུད་པ་དང་། དེའི་ཁར་ཨ་བྲའི་གནོད་འཚེ་ཐེབས་པའང་ཚབས་ཆེ་བ་རེད།  2014ལོ་ནས་བཟུང་ཆི་ལེན་རྫོང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྣ་འཛོམས་བཅོས་སྐྱོང་བཟོ་སྐྲུན། ཕྱུགས་བསྐྱུར་རྩྭ་འདེབས་སོགས་བཟོ་སྐྲུན་ཆེན་པོ་བཞིའི་ལས་གཞི་ལ་བརྟེན་ནས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་བཏང་སྟེ་བྱེ་ཀློང་ཐང་སོགས་ས་ཁུལ་གྱི་ས་ནག་ཐང་བཅོས་སྐྱོང་གི་ཚད་གཞི་ཆེས་ཆེར་བཏང་ཞིང་། གཅིག་བསྡུས་སྒོས་མ་དངུལ་གཏོང་བ་དང་ས་གཞི་མུ་འབྲེལ་སྒོས་བཅོས་སྐྱོང་བྱེད་པའི་བྱེད་ཐབས་སོགས་རྣམ་པ་མི་འདྲ་བའི་ཐབས་ལམ་འདྲ་མིན་བརྒྱུད་དེ་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཤིང་། ཆེས་ཐོག་མའི་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་རྩྭ་སའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་པར་མ་ཟད། རྣམ་པ་གསར་པའི་ཁྱབ་ཁོངས་ཡང་བེད་སྤྱོད་བྱས། ད་ལྟའི་བར་དུ་ཁྱོན་བསྡོམས་སྤྱི་ཆིངས་ཁྲི་གཅིག་སྟོང་གཅིག་སུམ་བརྒྱ་ཡོད་པའི་ས་ནག་ཐང་བཅོས་སྐྱོང་དང་རྩྭ་ས་ཞན་འགྱུར་སྤྱི་ཆིངས་སྟོང་གསུམ་སུམ་བརྒྱ་སོ་གསུམ་ལེགས་བཅོས་བྱས་ཡོད། དེའི་ཁྲོད་བྱེ་ཀློང་ཐང་ས་ཁུལ་གྱི་ས་ནག་ཐང་བཅོས་སྐྱོང་གི་གཞི་ཁྱོན་སྤྱི་ཆིངས་སྟོང་དགུ་སུམ་བརྒྱ་སོ་གསུམ་དུ་སླེབས་ཡོད། ཆི་ལེན་རྫོང་གིས་ས་ནག་ཐང་ཏུ་རྩི་ཤིང་འདེབས་འཛུགས་བྱེད་པའི་ཁྱབ་ཁོངས་ཀྱི་ཚད་གཞི་དེ་བརྒྱ་ཆའི10ནས་བརྒྱ་ཆའི80ཡན་ལ་མཐོར་འདེགས་སུ་བཏང་ཞིང་། ཕྱུགས་རྩྭ་དོ་མཉམ་ཡོང་བའི་མཐོ་ཚད་དེ་ཡང་ལི་སྨི50ཡན་ལ་སླེབས་པས། ཆ་སྙོམས་བྱས་ན་མུའུ་རེའི་རྩྭའི་ཐོན་ཚད་དེ་བཅོས་སྐྱོང་ཡར་སྔོན་གྱི་སྤྱི་རྒྱ50ནས་སྤྱི་རྒྱ350ཡན་ལ་སླེབས་པ་དང་། རིམ་བཞིན་རྩྭ་སའི་ཐོན་ཁུངས་འོས་མཐུན་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་བསྐྲུན་བྱེད་པ། ཐོན་ཁུངས་ཟད་གྲོན་དེ་ཐོན་ཁུངས་གྲོན་ཆུང་ཅན་དུ་བསྒྱུར་བའི་ཕན་ནུས་ངེས་ཅན་ཐོན་པའི་སྒྲིག་སྲོལ་དུ་འགྱུར་བ་དང་། མདོ་ལའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དེ་རྒྱུན་མཐུད་འཕེལ་རྒྱས་ཅན་དུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

“ལོ་མང་པོའི་རིང་གི་དོ་དམ་དང་སྲུང་སྐྱོབ་བརྒྱུད། སྔོན་ཆད་སུ་ལའང་མི་དགོས་པའི་ས་ནག་ཐང་དུ་ད་ལྟ་འབྲོག་པ་མང་ཚོགས་ཀྱིས་བཏབ་པའི་རྩྭ་དེ་ནོར་ལུག་ཡོད་ཚད་ཟ་རྒྱུར་ཧ་ཅང་དགའ”ཞེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་འབྲོང་ལུང་ཞང་དར་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མས་མིག་མདུན་གྱི་སྐྱེ་ཐག་ཆོད་དེ་པུས་མོ་ནུབ་མཚམས་ཀྱི་རྩྭ་སྔོན་དེར་མཛུབ་མོས་སྟོན་བཞིན་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

པད་མ་ཡོད་སའི་འབྲོང་ལུང་ཞང་དར་ལུང་སྡེ་བ་ནི་སྔོན་ཆད་བྱེ་ཀློང་ཐང་ས་ཁུལ་གྱི་རྩྭ་ས་ཞན་འགྱུར་ཧ་ཅང་ཚབས་ཆེ་བའི་སྡེ་བ་ཞིག་ཡིན། ཡིན་ན་ཡང་བྱེ་ཀློང་ཐང་ས་ཁུལ་གྱི་ཁོངས་སུ་འབྲོང་ལུང་ཞང་གི་སྤེན་མ་དང་དར་ལུང་། མགོ་མང་བཅས་སྡེ་བ་གསུམ་འདུས་ཡོད་ལ། མདོ་ལ་རི་བོའི་འདབས་རོལ་གྱི་ས་ནག་རྒྱ་ཁྱོན་ཆེས་ཆེ་བའི་བཅོས་སྐྱོང་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན། སྔོན་ཆད་སྤྱི་ཆིངས་ཁྲི་གཉིས་སྟོང་གསུམ་ཡོད་པའི་ས་ནག་ཐང་དེ་ནི་ས་དེའི་འབྲོག་པ་མང་ཚོགས་ཀྱིས་སེམས་ཁུར་བྱེད་ས་གཙོ་བོ་ཞིག་ཡིན་མོད། ད་ལྟ་རྩྭའི་སྐྱེས་སྟོབས་བཟང་པའི་ལྗང་མདོག་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།