ཉེ་ལམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡིས། ཀྲུང་གོའི་ནུབ་རྒྱུད་གཙང་གསུམ་འགོ་ཁུངས་དང་། ཨ་ཆེན་གངས་རྒྱབ། ཨར་ཅན་རི་བོ། བྱང་ཐང་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱི་སྣེ་ཁྲིད་དེ། ཧ་ལམ་དུས་ཡུན་ཉིན་དགུ་རིང་གི་མཉམ་འབྲེལ་སྐོར་སྲུང་གི་ཁྲིམས་བསྟར་ཆེད་དོན་བྱ་འགུལ་སྤེལ་འགོ་ཚུགས་པ་རེད།
ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ནས་ཤེས་གསལ་ལྟར་ན། དབྱར་སྟོན་གཉིས་ཀྱི་དུས་ཚིགས་ནི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཁྲིམས་འགལ་གྱི་རི་དྭགས་ལྐོག་རྔོན་པ་འགྲོ་འོང་ཆེས་མང་ཞིང་། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་པ་ཆེས་མང་པའི་དུས་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཨ་ཆེན་གངས་རྒྱབ་ཀྱི་ཁྲིམས་བསྟར་བ་མཚོ་སྔོན་ཞིང་ཆེན་གྱི་ན་གོར་མོར་མཉམ་དུ་འདུས་རྗེས། དེ་འཕྲལ་ཚན་ཆུང་གཉིས་སུ་བགོས་ཏེ། ཚན་ཆུང་གཅིག་མཚོ་བོད་ལྕགས་ལམ་ནས་བྱང་ཐང་གི་ཕྱོགས་སུ་བསྐྱོད་རྒྱུ་དང་། ཅིག་ཤོས་དེ་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་ནས་མཐར་ཨར་ཅན་རི་བོའི་ཕྱོགས་སུ་འདུ་རྒྱུ་ཐག་བཅད་ལ། ལམ་ཐག་ཡོངས་ལ་ལེ་དབར་ཧ་ལམ5000ཡོད་པ་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། མཉམ་འབྲེལ་སྐོར་སྲུང་གི་ཁྲིམས་བསྟར་ཆེད་དོན་བྱ་འགུལ་འདི་བརྒྱུད་དེ། རི་སྐྱེས་སྲོག་ཆགས་ལྐོག་རྔོན་དང་། གཏེར་ཁ་ལྐོག་འདོན་སོགས་སྣོད་བཅུད་ཐོན་ཁུངས་ལ་གཏོར་བརླག་དང་། ཁྲིམས་དང་འགལ་ནས་རང་བྱུང་སྲུང་སྐྱོབ་ཁུལ་སོགས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ལ་རྡུང་རྡེག་ནན་མོ་བཏང་ནས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་གྲུབ་འབྲས་སྔར་བས་སྲ་བརྟན་ཏུ་གཏོང་བའི་དུས་མཚུངས་སུ། རང་བྱུང་སྲུང་སྐྱོབ་ཁུལ་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་། མཐུན་སྦྱོར། རམ་འདེགས་ཀྱི་རང་རྟོགས་ཇེ་ཆེར་དང་། མཉམ་ལས་ཀྱི་ནང་རྐྱེན་ལམ་ལུགས་སྔར་བས་འཐུས་ཚང་བཅས་སུ་བཏང་སྟེ། ཉེས་ཅན་ཚར་གཅོད་བྱེད་པར་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ཁུལ། འཛམ་གླིང་གི་རང་བྱུང་ཤུལ་བཞག་བཅས་སྣོད་བཅུད་ཐོན་ཁུངས་ལ་ཁྲིམས་འགལ་གཏོར་བརླག་བཟོ་མཁན་གྱིས་ཚུལ་མིན་བྱ་འགུལ་སྤེལ་བར་བཀག་འགོག་ནན་མོ་བྱས་ནས་ཕན་འབྲས་བཟང་པོ་ཞིག་ལེན་ཐུབ་རྒྱུ་དེ་ཡིན་ཟེར།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། ཨ་ཆེན་གངས་རྒྱབ། ཨར་ཅན་རི་བོ། བྱང་ཐང་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཆེན་པོ་བཞི་ནི་མཚོ་སྔོན་དང་། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་མཚམས་སུ་ཡོད་ཅིང་། སྔོན་འཛམ་གླིང་ཐོག་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མནའ་འབྲེལ་ཆེས་ཆེ་ཤོས་བཙུགས་ནས་མཐུན་སྦྱོར་མཉམ་འགོག་གི་སྲུང་སྐྱོབ་ལམ་ལུགས་བཙུགས་མྱོང་། 2014ལོར་ཇོ་མོ་གླང་མའི་རི་རྩེ་རང་བྱུང་སྲུང་སྐྱོང་ཁུལ་འདི་མནའ་འབྲེལ་གྱི་ཁོངས་སུ་བླངས་བས། མནའ་འབྲེལ་གྱི་ཁོངས་མི་ལྔ་བར་གྱུར།
གཞན་ཡང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་ཀྲུང་གོའི་སྐྱེ་དངོས་མུ་ཁྱུད་ཀྱི་སྲུང་སྐྱོབ་དྲ་བར་ཞུགས།
ཉེ་ལམ། ཀྲུང་གོའི་ཚན་རིག་གླིང་གིས་པེ་ཅིན་གྱི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ནང་ཞུགས་ཏེ“མི་དང་སྐྱེ་དངོས་མུ་ཁྱུད་འཆར་གཞི”ཡི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་ཚུགས་ནས་ལོ་ངོ45འགོར་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མི་དང་སྐྱེ་དངོས་མུ་ཁྱུད་འཆར་གཞི”ཡི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ40འགོར་བའི་ཚོགས་ཆེན་བསྡུས། ཧུར་ཐག་གིས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་གཟབ་ནན་གྱིས་དཔྱད་ཞིབ་བྱས་པའི་རྨང་གཞིའི་སྟེང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རང་རྒྱལ་གྱི་ཁོངས་མིའི་ལས་ཁུངས175གྱུར་ཏེ། རང་ཞིང་ལ་ཀྲུང་གོའི“མི་དང་སྐྱེ་དངོས་མུ་ཁྱུད”ཀྱི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་དྲ་བའི་ནང་མིང་ཐོ་མེད་པའི་སྟོང་ཆ་བསྐངས།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལི་ཞའོ་ནན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཀྲུང་གོའི“མི་དང་སྐྱེ་དངོས་མུ་ཁྱུད་འཆར་གཞི”ཡི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་དུ་ཞུགས་པ་དེ་ནི། རང་ཞིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་ཇུས་ཆོད་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པའི་མཚོན་སྟངས་གཙོ་བོ་ཞིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་བྱེད་པའི་ལག་ལེན་གལ་ཆེན་ཞིག་དང་གྲུབ་འབྲས་ཆེན་པོ་ཞིག་ཀྱང་ཡིན།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བདེ་བླག་ངང“མི་དང་སྐྱེ་དངོས་མུ་ཁྱུད་འཆར་གཞི”ཡི་ནང་ཞུགས་རྗེས། གླེང་སྟེགས་དེ་རུ་རྒྱལ་ཁབ་ཕྱི་ནང་གིས་རང་བྱུང་སྲུང་སྐྱོབ་ཁུལ་དེ་ཁྱོན་ཡོངས་དང་། དེང་རབས་ཅན། ཁ་གསལ་ཅན་གྱིས་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། དེ་མིན་ཆ་འཕྲིན་དང་གཞི་གྲངས་མཉམ་སྤྱོད་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པའི་ཐོན་ཁུངས་ཧྲག་སྡེབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཞིབ་འཇུག་དང་ལག་རྩལ་གྱིས་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་དང་དོ་དམ། ལག་རྩལ་ནུས་ཤུགས་འཛུགས་སྐྲུན་བཅས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཚན་རིག་དང་མཐུན་པའི་སྤྱི་གླིང་འཛུགས་པ་དང་།ལྗང་མདོག་ལྡན་པའི་སྤྱི་གླིང་འཛུགས་པ། ཤེས་རིག་ལྡན་པའི་སྤྱི་གླིང་འཛུགས་པ། དམངས་ཡོངས་རང་བཞིན་ལྡན་པའི་སྤྱི་གླིང་འཛུགས་པ། འཆམ་མཐུན་གྱི་སྤྱི་གླིང་འཛུགས་པ། ཁྲིམས་བརྟེན་གྱི་སྤྱི་གླིང་འཛུགས་པ། སྒོ་འབྱེད་ཀྱི་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དམིགས་འབེན་སྔ་མོ་ནས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།
མི་དང་སྐྱེ་དངོས་མུ་ཁྱུད་འཆར་གཞི་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས1971ལོའི་ཚུན་དུ་སྐུལ་སྤེལ་བྱས་པའི་མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བ་ཧུར་ཐག་གིས་ལེགས་སྒྱུར་བྱེད་པའི་སྲིད་གཞུང་བར་གྱི་ཚན་རིག་རྣམ་གྲངས་ཤིག་ཡིན་ཞིང་། དེ་ལ་འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོབ་ཁུལ་གྱི་དྲ་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཁུལ་གྱི་དྲ་བ་བཅས་རིམ་པ་གཉིས་སུ་བཀར་ཡོད། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།