མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་སྐྱེ་ཁམས་དང་འཚམ་པའི་དེང་རབས་ཅན་གྱི་མཁར་གྲོང་འཛུགས་སྐྲུན་བྱས།
2018.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་སྐྱེ་ཁམས་འདུ་ཤེས་དང་སྐྱེ་ཁམས་འཆར་འགོད། སྐྱེ་ཁམས་སྲུང་སྐྱོབ། སྐྱེ་ཁམས་དོ་དམ། སྐྱེ་ཁམས་སླར་གསོ། སྐྱེ་ཁམས་ཁ་གསབ། སྐྱེ་ཁམས་བེད་སྤྱོད་བཅས་བྱེད་པ་ནས་མགོ་བརྩམས་ཏེ། ནུས་ཡོད་བྱེད་ཐབས་དང་ཇུས་གཞི་ལག་བསྟར་བྱས་པ་དང་།  རྒྱལ་ཁབ་ཀྱི་ལས་གཞི་འཛུགས་སྐྲུན་དམ་འཛིན་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་གསོ་སྤེལ་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན། ནགས་ཚལ་གྱི་ལྟག་ཆུ་བསྐྱིལ་གསོག་དང་ནམ་ཟླའི་བྱེད་ནུས་སྙོམས་སྒྲིག་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་མ་ལག་གི་ནུས་པ་ལེགས་བཅོས་བྱེད་པ། རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་མང་པོ་འདོན་སྤེལ་བྱས།

མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ན། ང་ཚོའི་གནས་སྐོར་ཡོང་འབབ་དེ་ཞིང་ཕྱུགས་ལས་ཀྱི་ཡོང་འབབ་ལས་ཆེས་ཆེར་བརྒལ་ངེས། གནས་སྐོར་པ་མང་པོ་ཆི་ལེན་དུ་ཡོང་དོན་ནི། གཙོ་བོ་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱེད་འདོད་པ་དེ་ཡིན་པས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་གསེར་རི་དངུལ་རི་ལས་ལྷག་ཅེས་ཆི་ལེན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧན་ཞང་ཧོས་ཀྱིས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད་བྱུང་། ལྗང་མདོག་འཕེལ་རྒྱས་བརྟན་འཇགས་ངང་སྐུལ་འདེད་བྱེད་པའི་ཁྲོད། ཆི་ལེན་རྫོང་གིས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་གནས་སྐོར་ལས་རིགས་ལ་བརྟེན་ནས། ཕྱུགས་ལས་ཀྱི་མངོན་མེད་ཁྱད་སྟོབས་གཏིང་ཟབ་ཏུ་སྔོག་འདོན་དང་། ཕྱུགས་ལས་གནས་སྐོར་དཔལ་འབྱོར་མཉམ་འདྲེས་གསར་སྤེལ་བྱས་ནས། གདོད་མའི་སྐྱེ་ཁམས་ཀྱི་རང་བྱུང་བཀོད་པའི་ཉམས་ཞིབ་གནས་སྐོར་དང་། གདོད་མའི་དམངས་སྲོལ་རིག་གནས་ཀྱི་ཉམས་ཞིབ་གནས་སྐོར། གདོད་མའི་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་འཚོ་བའི་ཉམས་ཞིབ་གནས་སྐོར། ལྗོངས་ཕྱིའི་གནས་མཆོག་མྱུལ་ཞིབ་སོགས་གནས་སྐོར་ཐོན་རྫས་གོང་དུ་སྤེལ་བ་དང་། ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་གླ་ཕོགས་དང་བདག་གཉེར། ནོར་སྲིད་རང་བཞིན་བཅས་ཀྱི་ཡོང་འབབ་འཕར་སྣོན་བྱས། རོང་འབྲོག་མང་ཚོགས་མང་པོ་ཞིག་ལ་སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ཁྲོད་ནས་ཕན་ཁེ་ཆེན་པོ་ཐོབ་པ་དེ་ནི། ཆི་ལེན་པ་རེ་རེ་ཡི་མིག་མཐོང་ལག་ཟིན་ཏུ་གྱུར་བའི་དོན་དངོས་དང་དོན་བཟང་ཞིག་རེད་ཅེས་ཆི་ལེན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧན་ཞང་ཧོས་ཀྱིས་ཞིང་བའི་སྤྲོ་ཁྱིམ་དང་འབྲོག་པའི་སྤྲོ་ཁྱིམ་རེ་རེ་བསྟན་ནས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

ཆི་ལེན་རྫོང་གིས་རྒྱལ་ཁབ་ཀྱི་རྨོ་བསྐྱུར་ནགས་འདེབས་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ཕྱུགས་འཚོ་སྟངས་ལེགས་བསྒྱུར་བྱེད་པ་ནས་མགོ་བརྩམས་ཏེ། རྩྭ་ས་སྲུང་སྐྱོབ་དང་རྩྭ་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བསྐྲུན་དང་། ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་སླར་གསོ་བྱེད་ཚད་ཇེ་མཐོར་བཏང་ཞིང་། ཁྱོན་ཡོངས་ནས་ཆུ་བོ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱས་ཏེ། ལྟག་ཆུ་བསྐྱིལ་གསོག་གི་ནུས་པ་ཇེ་དྲག་ཏུ་བཏང་། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་ལྗང་བསྒྱུར་གཞི་ཁྱོན་སྤྱི་ཆིང་ཁྲི་དྲུག་ལྷག་ཏུ་བསླེབས་པ་དང་། མཁར་གྲོང་ལྗང་བསྒྱུར་གྱི་ཁེབས་ཚད་བརྒྱ་ཆའི་སོ་དགུ་ལྷག་ཏུ་བསླེབས་ཏེ། ནུས་ཡོད་སྒོས་ཆི་ལེན་རྫོང་ཞིང་ཆེན་ཡོངས་དང་ཁྱད་པར་དུ་རྒྱལ་ཡོངས་ཀྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྐྱེ་ཁམས་སྲུང་ཡོལ་ཡིན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས།

རྫོང་ཏང་ཨུའི་ཧྲུའུ་ཅི་ཧན་ཞང་ཧོས་ཀྱིས་བཤད་རྒྱུར།  རྩྭ་ས་ཉམས་ཞན་ཏུ་འགྱུར་ཚད་ཚབས་ཆེ་བའི་དབྱར་ཁའི་རྩྭ་ས་གཙོར་བཟུང་ནས། ང་ཚོས2011ལོ་ནས་མགོ་བརྩམས་ཏེ། སྤྱི་ཆིང་འབུམ་གསུམ་ཁྲི་བཞི་ལྷག་ཡོད་པའི་རྩྭ་སའི་སྟེང་སྔ་གཞུག་ཏུ་སྐོར་ཐེངས་གཉིས་ལ་ཕྱུགས་འཚོ་མཚམས་འཇོག་པའི་བྱ་བ་སྤེལ་བ་དང་། ཕྱུགས་འཚོ་མཚམས་བཞག་པའི་རྩྭ་སའི་གཞི་ཁྱོན་གྱིས་རྫོང་ཡོངས་ཀྱི་བེད་སྤྱོད་ཆོག་པའི་རྩྭ་སའི་སྤྱིའི་གཞི་ཁྱོན་གྱི་གསུམ་ཆའི་གཅིག་ཙམ་ཟིན་ཡོད། ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་སླར་གསོ་དང་ཕྱུགས་གྲངས་ཇེ་ཉུང་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། རྩྭ་སའི་སྐྱེ་ཁམས་ཉམས་ཞན་ཏུ་འགྱུར་ཚད་རིམ་བཞིན་བཀག་འགོག་བྱུང་། སྐོར་ཐེངས་དང་པོའི་ཕྱུགས་འཚོ་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ནས་ལོ་ལྔ་འགོར་རྗེས། རྫོང་ཡོངས་ཀྱི་ཆ་སྙོམས་རྩྭའི་ཐོན་ཚད་དེ་མུའུ་རེར་སྟོང་ཁེ་བརྒྱད་ཅུ་ལྷག་ཇེ་མཐོར་སོང་ཞིང་། སྔོ་ཁེབས་ཀྱི་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་དང་།  རྩྭ་སྐྱེས་ཚད་ཆ་སྙོམས་ཀྱིས་ལི་སྨིས་གཅིག་དང་གྲངས་ཆུང་དྲུག་ཇེ་མཐོར་སོང་། ཆི་ལེན་གྱི་གནམ་གཤིས་འགྱུར་ལྡོག་དང་ཕྱུགས་རྩྭ་སྐྱེ་ཚད་ཀྱི་ཆོས་ཉིད་ལྟར། ང་ཚོས་ཕྱུགས་འཚོ་སྟངས་སོགས་ནས་མགོ་བརྩམས་ཏེ། སོས་ཀ་ཕྱུགས་བཀག་ནས་གསོ་བ་དང་།  དབྱར་ས་ནས་ཕྱུགས་དེད་ནས་འཚོ་བ། སྟོན་ས་ནས་ཕྱུགས་རེས་མོས་ཀྱིས་འཚོ་བ། དགུན་ས་ནས་ཕྱུགས་རི་རྒྱག་བྱས་ནས་འཚོ་བ་བཅས་ཀྱི་ལམ་ལུགས་གསར་བ་འཚོལ་ཞིབ་ཁྱབ་སྤེལ་བྱས་པ་དང་།  རྩྭ་ས་སྲུང་སྐྱོབ་དང་རྩྭ་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བ་གསར་བསྐྲུན་བྱས་ནས་ཕན་འབྲས་བཟང་པོ་བླངས།

ཧན་ཞང་ཧོས་ཀྱིས་བཤད་རྒྱུར།  ཕྱུགས་འཚོའི་ལམ་ལུགས་གསར་བ་ལག་བསྟར་བྱས་རྗེས།  རྩྭ་སའི་རྩྭའི་ཐོན་ཚད་དེ་སྔོན་ལོ་ལས་བརྒྱ་ཆའི་སུམ་ཅུ་ཇེ་མཐོར་སོང་། དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ལས་འགན་གཙོ་བོ་ཡིན་པས། གསོ་སྤེལ་གྲུབ་ཚུལ་དང་ས་ཁོངས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། མུ་མཐུད་དུ་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཚན་རྩལ་གསར་སྐྲུན་སྒུལ་ཤུགས་སུ་བརྩི་བ། སྐྱེ་ཁམས་སྲུང་སྐྱོབ་དང་རྨང་གཞི་སྲ་བརྟན། གྲུབ་ཚུལ་ལེགས་སྒྲིག རྐྱེན་སྲོལ་གསར་བསྐྲུན། བྱེད་ཐབས་མང་པོ་མཉམ་དུ་དམ་འཛིན་བཅས་བྱས་ནས། ཞིང་ཕྱུགས་ལས་ཐོན་སྐྱེད་ལ་ལོ་བསྟུད་མར་ཐོན་ལེགས་འབྱུང་བ་དང་། རོང་འབྲོག་པའི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་འབྱུང་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས།

ང་ཚོས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བྱས་ནས། འབད་བརྩོན་སྒོས་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་བའི་རེ་སྨོན་གསར་བ་སྐོང་དགོས་ལ། འཕེལ་རྒྱས་ཁྲོད་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། མཁར་གྲོང་གི་ས་ཁོངས་གཅིག་གྱུར་འཆར་འགོད་བྱས་ཏེ། གནད་ས་དམ་འཛིན་དང་ཞན་ཆ་ཁ་གསབ་བྱེད་དགོས་པ་དང་། ཞིང་སྡེ་དར་སྤེལ་བྱེད་པའི་འཐབ་ཇུས་ཁྲོད་ནས་ས་ཁོངས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཡུལ་སྐོར་ཞིང་ལས་དང་སྐྱེ་ཁམས་ཉམས་ཞིབ་དཔེ་སྟོན་ར་བ་འཛུགས་སྐྲུན་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐོན་ལས་མང་པོའི་སྦྲེལ་ཐག་ཁྲོད་གཅིག་བསྡུས་བྱས་ནས། ཞིང་སྡེའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ཧུར་ཐག་གིས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་འཕེལ་རྒྱས་ཡར་ཐོན་ཡོང་བའི་གནས་བབ་གསར་བ་གསར་གཏོད་བྱེད་དགོས།  མ་འོངས་པར་ཁ་ཕྱོགས་ནས། ཧན་ཞང་ཧོས་ཀྱིས་ཡིད་ཆེས་ཆེན་པོས་བཤད་རྒྱུར། སྔོ་ལྗང་གི་རི་ཆུ་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ལ། མཛེས་སྡུག་གི་ཆི་ལེན་དང་བདེ་སྐྱིད་ཀྱི་ཆི་ལེན་འཛུགས་སྐྲུན་བྱེད་རྒྱུ་ནི། ངའི་རེ་སྨོན་དང་འཚོལ་སྙེག་ཡིན་ཟེར།

ལོ་ཙཱ་བ།སྒྲོལ་མ་སྐྱིད།