ཀྲུང་གོ་ཚན་རིག་གླིང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གསར་དུ་བཙུགས་པ།
2018.09.21 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

 ཀྲུང་གོ་ཚན་རིག་གླིང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་སྒོ་བྱང་འབྱེད་པའི་མཛད་སྒོ་དེ་ཉེ་ལམ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཀྲུང་གོ་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་ཀྲང་ཡ་ཕེན་གྱིས་མཉམ་དུ་སྒོ་བྱང་གི་ཡོལ་རས་ཕྱེས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིའུ་ཉིང་དང་ཀྲང་ཡ་ཕེན་གྱིས་སོ་སོར་གཏམ་བཤད་དེ་ཤིས་ཚིག་ཕུལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་མངག་བཅོལ་ལྟར། ལིའུ་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ལིའུ་ཉིང་གིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་གལ་ཆེན་ཡིན་ལ། འཛམ་གླིང་གི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་སྣ་མང་རང་བཞིན་ཆེས་འཛོམས་པའི་ས་ཁུལ་ཡིན་པས། ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཚད་མཐོན་པོ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གནང་མྱོང་བ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་བྱེད་ས་ཐོག་མ་དང་། བྱ་བ་ཡོངས་རྫོགས་གསར་པ་ཡིན་པ་དང་མ་ལག་ཚང་བའི་བཟོ་འགོད་ཅིག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་ཉམས་མྱོང་གསོག་འཇོག་དང་མ་དཔེ་འདོན་སྤྲོད་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་བཞིན་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་འདི་རྒྱལ་སྤྱིའི་སྔོན་དུ་སླེབས་པ་དང་རྒྱལ་ནང་གི་རྩེར་སོན་པའི་ཚན་རིག་གསར་གཏོད་སྟེགས་བུ་དང་ཤེས་རིག་གི་མཛོད་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ནི་མཉམ་འབྲེལ་ཕྱོགས་གཉིས་ཀའི་ཐུན་མོང་གི་རེ་འདུན་ཡིན་ལ། ཞིབ་འཇུག་གླིང་གི་ལས་བཟོ་པ་ཡོངས་ཀྱི་འབད་བརྩོན་གྱི་ཁ་ཕྱོགས་ཀྱང་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་འཛིན་དགོས་ལ། ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་འགྲོ་བ་མིའི་ལས་དབང་ལ་བྱས་རྗེས་འཇོག་པའི་མཐོ་ཚད་ནས་འགྲེངས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དག་དངོས་འབེབས་བྱེད་དགོས་པ་དང་། ཀྲུང་གོ་ཚན་རིག་གླིང་གི “སྣེ་ཁྲིད་འགུལ་སྐྱོད”འཆར་གཞི་དང་མཚོ་སྔོན་གྱི “ སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་ཀྱིས་ལག་བསྟར་བྱས་ཏེ། གོ་སྐབས་དམ་འཛིན་དང་གསར་གཏོད་བྱེད་ཕོད་པ། བསམ་པ་རྣམ་དག་གིས་མཉམ་ལས་དང་གྲུབ་འབྲས་མང་དུ་ཐོན་པ་བྱེད་དགོས་ཤིང་། མདོ་དབུས་མཐོ་སྒང་གི་དག་ཞིང་འདི་རུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལེའུ་ཆེས་ཡིད་དུ་འོང་བ་ཞིག་བརྩམས་དགོས།

ཀྲང་ཡ་ཕེན་གྱིས་ཀྲུང་གོ་ཚན་རིག་གླིང་གི་ཚབ་བྱས་ནས་ཞིབ་འཇུག་གླིང་བཙུགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་བྱེད་ས་དང་པོ་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྔར་ལས་མཐོ་བའི་སྟེགས་བུ་འདོན་སྤྲོད་བྱས་ཡོད་ལ། སྔར་ལས་ཆེ་བའི་གོ་སྐབས་བསྐྲུན་ཡོད་པར་མ་ཟད། དེར་མཐུན་གྱིས་བླང་བྱ་སྔར་ལས་མཐོ་བ་ཞིག་ཀྱང་བཏོན་ཡོད་པ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་བཙུགས་པ་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་འདེགས་སྐྱོར་ནུས་པར་ཤུགས་སྣོན་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད།

ཤེས་གསལ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་ནི་ཀྲུང་གོ་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་ལ་བརྟེན་ཏེ་མཉམ་དུ་འཛུགས་སྐྲུན་བྱས་པ་ཡིན་ལ། ཕྱོགས་གཉིས་ཀས་སྟོབས་ཤུགས་དང་མ་དངུལ། ཤེས་ལྡན་མི་སྣ་བཅས་ཀྱི་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་དང་ཞིབ་འཇུག་བྱས་ཏེ། ཐུན་མོང་གིས་རྒྱལ་ཁབ་རིམ་པའི་གསར་སྐྲུན་སྟེགས་བུ་བཟོས་པ་རེད།

                                                                                                                             རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།