གཙང་གསུམ་འབྱུང་ཡུལ་སྔར་བཞིན་མཛེས་སྡུག་ལྡན།
2018.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་དབུས་སུ་ཡོད་པ་དང་། མངའ་ཁོངས་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་ཞིང་། དྭངས་གཙང་གི་མཚོ་མོ་ཕྲ་རྒྱན་བཏབ་པ་ལྟར་གང་སར་ཁྱབ་ཡོད། མངའ་ཁོངས་སུ་ཆུ་བོ་ཆེ་ཆུང་སོ་དྲུག་ཡོད་ལ། ཆུ་ཁོངས་ཀྱི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་དྲུག་བརྒྱ་ཡོད། སྐྱེ་དངོས་སྣ་མང་གི་གཞི་རྒྱུའི་བང་མཛོད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཡུལ་ཁམས་ཞིག་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་མགོ་ཁུངས་གལ་ཆེན་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གྱི་གོ་གནས་གལ་ཆེན་བཟུང་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བློ་རྩ་བརྟན་པོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་ལེན་དངོས་འབེབས་བྱས་ཏེ།  ཕྱོགས་ལྔ་གཞི་གཅིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་ལྟར།  གོམ་གང་མདུན་སྤོས་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོར་ཤུགས་སྣོན་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་དང་སྐྱེ་ཁམས་ཁྱབ་ཁོངས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ཞིང་།  སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་བཟོ་སྐྲུན་ལག་བསྟར་བྱེད་པར་རྩ་འཛུགས་དང་མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་དང་བྱེད་ཐབས་ཇེ་ལེགས་སུ་བཏང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མིའི་སེམས་སུ་ཟུག་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ཇེ་མཐོར་ཕྱིན་ཏེ། འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་།

འདས་པའི་ལོ་ལྔའི་ནང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་མགོ་ལོག་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་སྟོབས་ཆེན་པོ་ཞིག་ཏུ་བརྩིས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་ཡོལ་བ་སྲ་བརྟན་ཏུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་དེ་མུ་མཐུད་དུ་སྲུང་འཛིན་བྱས།

སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱས། མགོ་ལོག་ཁུལ་གྱིས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། སྐྱེ་ཁམས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི་འདུ་ཤེས་སྲ་བརྟན་ཏུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བྱས་ཤིང་། རྒྱུན་ཆད་མེད་པར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཤུགས་ཚད་རྒྱ་བསྐྱེད་དེ། རྩྭ་ས་དང་ནགས་ཚལ། བརླན་ས་བཅས་ཀྱི་སྐྱེ་ཁམས་བྱ་དགའི་ཁ་གསབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་བྱེད་ཐབས་རྩ་འཛུགས་ལག་བསྟར་བྱས་ནས། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ། རྩྭ་ས་སྲུང་སྐྱོབ་འཛུགས་སྐྲུན། བྱེ་འགྱུར་རྩྭ་ས་བཅོས་སྐྱོང་། ས་ནག་ཐང་བཅོས་སྐྱོང་བཅས་ལ་ཕན་འབྲས་བཟང་པོ་བླངས་བ་དང་། ཆུའི་ཁོར་ཡུག་དང་རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་ཚོད་འཛིན་དང་ལེགས་བཅོས་བྱུང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་རྒྱུན་མཐུད་ངང་སྤེལ་ཆེད། མགོ་ལོག་ཁུལ་གྱིས་སྒྲིག་གཞི་སྒྲིག་འཛུགས་དང་མི་སྣ་བཀོད་སྒྲིག་བྱ་བ་ཡོངས་འགྲུབ་བྱས་བ་དང་། གླིང་ཁུལ་གྱི་བྱེད་ནུས་འཐུས་ཚང་དུ་བཏང་ཞིང་། གླིང་ཁུལ་གྱི་ཚད་བཀག་འགན་འཁྲིའི་ཁྱབ་ཁོངས་གཏན་འབེབས་དང་།  གླིང་ཁུལ་གྱི་ད་ལྟའི་གནས་བབ་ལ་རྟོག་ཞིབ་སྡོམ་རྩིས་བྱེད་པའི་བྱ་བ་སྤེལ་ནས། འབྲེལ་ཡོད་རྐྱེན་སྲོལ་དང་ལམ་ལུགས་བཙུགས་པ་དང་། བྱ་བའི་གོ་རིམ་དང་དོ་དམ་བྱེད་ཐབས་ནན་མོ་གཏན་འཁེལ་བྱས་པར་མ་ཟད། ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་ཅན་དོ་དམ་བྱེད་ཐབས་ལག་བསྟར་བྱས་ནས། གཞི་རིམ་གྱི་རྨང་གཞི་བྱ་བ་ཇེ་དྲག་ཏུ་བཏང་།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་བྱ་བ་ནན་ནན་ཏིག་ཏིག་གིས་སྤེལ་ཆེད། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྔ་གཞུག་ཏུ་ལམ་ལུགས་གཏན་ཁེལ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་ས་གནས་ཀྱི་བཟོ་སྐྲུན་གཙོ་བོ་དང་འགོ་ཁྲིད་དང་པོས་འགན་ཐེག་པའི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས། རིམ་པ་རེ་རེ་བཞིན་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ། བྱ་བའི་འགན་འཁྲི་མ་ལག་གསལ་བོ་ཡིན་ཞིང་། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་དང་ཕྱོགས་མང་མཉམ་འགུལ་དང་མཉམ་དུ་དོ་དམ་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱས།

དེའི་རྨང་གཞིའི་སྟེང་། མགོ་ལོག་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་ཡོངས་འགྲུབ་བྱས་པ་དང་། ཁྱོན་ཡོངས་ནས་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་རྐྱེན་སྲོལ་དངོས་འབེབས་བཟང་པོ་བྱས་པ་དང་། ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཏེ། ནགས་ལས་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ནུས་ཡོད་སྒོས་ལེགས་བཅོས་བྱས། མ་དངུལ་སྒོར་བྱེ་བ་གསུམ་ལྷག་བརྩོན་ལེན་བྱས་ཏེ། སྨར་ཁོག་ཆུ་བོའི་བཞུར་རྒྱུན་དང་རྨ་སྟོད་རྫོང་གི་སྟོང་རི་མཚོ་ནག དར་ལག་རྫོང་གི་རྨ་ཆུའི་མགོ་ཁུངས། དགའ་བདེ་རྫོང་གི་པད་མ་རི་མཐོ་སོགས་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་དང་། གཅིག་སྒྲིལ་གྱི་གཉན་པོ་གཡུ་རྩེ་དང་རྨ་སྟོད་ཀྱི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་རྒྱལ་སྤྱིའི་བརླན་ས་གཙོ་བོ་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་ལག་བསྟར་བྱས་པར་མ་ཟད། ངོ་བོ་རང་བཞིན་གྱི་གྲུབ་འབྲས་བླངས།

སྟོན་གཞུང་གི་རྨ་ཆུའི་མགོ་ཁུངས་སུ་རྩྭ་སའི་སྐྱེ་ཁམས་ཉིན་བཞིན་སླར་གསོ་དང་བརླན་སའི་གཞི་ཁྱོན་ཆེས་ཆེར་འཕར་སྣོན་འབྱུང་བཞིན་ཡོད།

འདས་པའི་ལོ་ལྔའི་རིང་གི་གྲུབ་འབྲས་ལ་ཕྱིར་ལྟ་བྱས་ཚེ། མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཞབས་ཞུའི་ཁྱད་སྟོབས་ཉིན་རེ་བཞིན་མངོན་བཞིན་ཡོད། གཙང་གསུམ་འབྱུང་ཡུལ་གྱི་ནགས་སའི་གཞི་ཁྱོན་གྱིས་ས་ཁོངས་གཞི་ཁྱོན་ཟིན་པའི་བསྡུར་ཚད་ཅུང་འཕར་སྣོན་བྱུང་བ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་སའི་སྐྱེ་ཁམས་མངོན་གསལ་སྒོས་ཇེ་བཟང་དུ་སོང་ཞིང་། བཟོ་སྐྲུན་ཁུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་ཅུང་ཇེ་མཐོར་སོང་ནས། སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་རིམ་བཞིན་མངོན་པ་དང་། སྐྱེ་ཁམས་ཞབས་ཞུའི་ཁྱད་སྟོབས་སྔར་ལས་སྲ་བརྟན་དུ་གྱུར།

སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ལ་ཐོད་བརྒལ་བྱུང་། ཁུལ་དེས་ཧུར་ཐག་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཚོལ་ཞིབ་དང་། ལྗང་མདོག་བྱས་འབྲས་དཔྱད་ཞིབ་ནང་རྐྱེན་ལག་བསྟར། སྐྱེ་ཁམས་སྲུང་སྐྱོབ་སྤྱི་ཕན་ལས་རྐང་གི་གཞི་ཁྱོན་རྒྱ་བསྐྱེད། རྩྭ་ས་འགན་གཙང་ལེན་བདག་གཉེར་དབང་ཆ་དང་ཐུན་མོང་ནགས་དབང་འཁོར་རྒྱུག་ཚད་ལྡན་ཏུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་བཀག་གཏན་འབེབས། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་འགན་འཁྲི་རྩད་གཅོད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རྒྱུ་ནོར་དང་ཞབས་ཞུའི་རིན་ཐང་ཞིབ་རྩིས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སོགས་ཀྱི་ལས་འགན་ལག་བསྟར་བྱེད་པར་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་བླངས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས།

སྐྱེ་ཁམས་དཔལ་ཡོན་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ཏེ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གྱུར། བཟོ་སྐྲུན་སྣ་ཚོགས་ལག་བསྟར་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། ལས་གཞི་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་གྱི་ངོས་ཟིན་ཇེ་མཐོར་སོང་བ་དང་། རང་རྟོགས་རང་བཞིན་དང་ཡོངས་ཁྱབ་ཏུ་ཞུགས་པའི་འདུ་ཤེས་ཇེ་དྲག་ཏུ་གྱུར་བར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ། ལས་གཞི་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་ཇེ་བཟང་དུ་སོང་བ། ཡོང་སྒོ་འཕར་སྣོན་བྱུང་། དུས་མཚུངས་སུ། སྐྱེ་ཁམས་འགོག་སྲུང་དང་ལྟ་ཞིབ་ཚད་ལེན་གྱི་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར།

སྲོལ་རྒྱུན་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་མི་ལེགས་པར་དམིགས་ནས། མགོ་ལོག་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་བསྡུ་རུབ་བྱས་ཏེ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་རྟེན་གཞི་རེ་དགུ་དང་། སྐྱེ་ཁམས་ཐོན་ལས་ར་བ་བདུན་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཁུལ་ཡོངས་ལ་ཁེབས་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་འཁོར་སྐྱོད་བཟང་པོ་ཆགས་པར་བྱས།

ཁུལ་དེས་སྔ་གཞུག་ཏུ་མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་གཉིས་འབུམ་དྲུག་བཏང་ཏེ། རྟ་བོ་དང་དྲུག་ཆེན་སུམ་མདོ། པད་མ་སོགས་མཁར་གྲོང་དུ་ནགས་སྐྲུན་ལྗང་བསྒྱུར་བྱས་པ་དང་། རིམ་བསགས་ཀྱིས་སྡོང་བོ་འབུམ་དགུ་ཁྲི་ལྔ་ལྷག་བཙུགས། སྔ་གཞུག་ཏུ་མཛེས་སྡུག་གི་མཁར་གྲོང་དྲུག་དང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་བཞི་བཅུ་འཛུགས་སྐྲུན་བྱེད་པའི་ལས་འགན་ལག་བསྟར་ཡོངས་འགྲུབ་བྱས་ཏེ། གོམ་གང་མདུན་སྤོས་སྒོས་མཁར་གྲོང་སྡོད་དམངས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ཏེ། ཁུལ་ཡོངས་ཀྱི་ཞང་གྲོང་ཞེ་བཞི་དང་སྲིད་འཛིན་སྡེ་བ་ཆིག་བརྒྱ་གྱ་བརྒྱད། དགོན་པ་སོ་གཉིས་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་བྱས་ཤིང་། ཞིང་ཆེན་ཡོངས་ནས་ཐོག་མར་ཞིང་སྡེའི་ཁོར་ཡུག་ལེགས་བཅོས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་སྲ་བརྟན་ཏུ་བཏང་ནས། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་འགན་སྲུང་བྱས། མིག་སྔར། མགོ་ལོག་ཁུལ་གྱི་གོང་འོག་བར་གསུམ་ཚང་མས་་སྐྱེ་ཁམས་ལེགས་ཤིང་། སྤྱི་ཚོགས་ཡ་རབས། ཁོར་ཡུག་སྐྱིད་པ་བཅས་ཀྱི་མཛེས་སྡུག་གི་མགོ་ལོག་འཛུགས་སྐྲུན་བྱེད་པར་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།