མཚོ་ལྷོ་ཁུལ་གྱིས“བྱེ་ཐང་ཆེན་པོ་གསུམ”གྱི་བྱེ་འགོག་བཅོས་སྐྱོང་བྱ་བར་མུ་མཐུད་དུ་ཤུགས་བསྣན།
2018.09.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 40

 ལོ་འདི་དག་གི་རིང་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ནམ་ཡང“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད ”བྱེད་པ་དེ། ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བཟུང་ནས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ཐད་ཀྱི་ཁུལ་འཛུགས་བསྐྲུན་བྱེད་པའི་འཐབ་ཇུས་གལ་ཆེན་དུ་བཟུང་ནས་ལག་བསྟར་དངོས་འབེབས་བྱས་པ་དང་། “བྱེ་ཐང་ཆེན་པོ་གསུམ་སྟེ”གསེར་ཆེན་རྫོང་གི་ཐར་ལ་བྱེ་ཐང་དང་ཆོས་རྗེ་བྱེ་ཐང་། མང་རྫོང་གི་མུ་གེ་ཐང་ས་ཁུལ་གསུམ་དུ་བྱེ་འགོག་བྱེ་བཅོས་བྱ་བ་ལེགས་པོར་བསྒྲུབས་པ་དང་སྡོང་འཛུགས་དང་གཏན་འགོག ལྗང་མྱུག་གསོ་སྐྱོང་དང་སྲུང་སྐྱོབ་བྱེད་པ། བྱེ་མ་འགོག་བཅོས།  ཞིང་ས་གསར་སྤེལ། ཡུར་ཆུ་གཏོང་བ། ནགས་འཛུགས་སོགས་སྣ་འཛོམས་བཅོས་སྐྱོང་གི་བྱེད་ཐབས་ནུས་ལྡན་སྤྱད་དེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་ནས་བཟུང་། ཁུལ་ཡོངས་སུ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་སྟེ་བྱེ་འགོག་བཅོས་སྐྱོང་སྤྱི་ཆིངས་ཁྲི6ཡོངས་འགྲུབ་བྱས་ཤིང་། བྱེ་འགོག་ནགས་སྐྲུན་རྩྭ་འདེབས་སྤྱི་ཆིངས་ཁྲི་བཞི་སྟོང་དྲུག་དང་བྱེ་ཁུལ་སྲ་བརྟན་དང་བྱེ་འགོག་སྤྱི་ཆིང1000ཡོངས་འགྲུབ་བྱས་ཡོད།

བྱེ་འགོག་བྱེ་བཅོས་བྱ་བའི་ཁྲོད་མཚོ་ལྷོ་ཁུལ་གྱིས་བྱེ་མ་ཅན་གྱི་ས་ཁུལ་བཀག་སྡོམ་སྲུང་སྐྱོབ་ས་ཁུལ་དུ་བྱས་ཤིང་། ས་སྤྱི་ཆིང་འབུམ་གཅིག་ཁྲི་གསུམ་སྟོང་དགུ་སུམ་བརྒྱ་གཏན་འགོག་བྱས་པ་དང་ལྕགས་ར་སྤྱི་ལེ་ཉིས་བརྒྱ་རེ་ལྔ་ལྷག་བསྐོར་ནས་བྱེ་མ་འགོག་བཅོས་གྱི་སྐྱེ་ཁམས་བཅོས་སྐྱོང་སྤྱི་ཆིངས713ལག་བསྟར་བྱས་ཏེ།  རང་བྱུང་སྐྱེ་ཁམས་སླར་གསོ་བྱུང་ཚད་སྤྱི་ཆིངས200དང་འཛུགས་སྐྲུན་སྐོར་ཞིབ་གཞུང་ལམ་སྤྱི་ལེ10ལ་བུད་ཡོད། དེ་དང་ཆབས་ཅིག་ཏུ་གསེར་ཆེན་རྫོང་དང་མང་རྫོང་གཉིས་ཀྱིས་རྒྱལ་ཡོངས་ཀྱི་བྱེ་འགོག་སྣ་འཛོམས་དཔེར་མཚོན་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་མུ་མཐུད་དུ་ཤུགས་བསྣན་པ་དང་། རྫོང་གཉིས་ཀྱིས་རྣམ་པ་གསར་ཞིང་ཁྱབ་རྒྱ་ཆེ་བ། བཅོས་སྒྱུར་འཛུགས་བསྐྲུན་གྱི་རྣམ་གྲངས་ཡོད་ཚད་དེ་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་འཇོག་དཔྱད་འདེམས་ཁྲོད་བཞག་པ་དང་འདེམས་པ་མི་ལེགས་པ་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མི་འཚམ་པའི་རྣམ་གྲངས་གཅིག་ཀྱང་ལག་བསྟར་མ་བྱས་པ་རེད།

དེ་ལས་གཞན“བྱེ་ཐང་ཆེན་པོ་གསུམ”གྱི་སྐྱེ་ཁམས་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཟུང་འབྲེལ་བྱེད་པར་ཤུགས་སྣོན་བྱས། ཐར་ལ་བྱེ་ཐང་དང་ཆོས་རྗེ་བྱེ་ཐང་སོགས་སུ་འཆར་འགོད་འཛུགས་སྐྲུན་ལྟར་མཚོ་ལྷོ་ཁུལ་གྱི་ཉི་འོད་ནུས་པའི་གློག་འདོན་དང་མཚོ་ལྷོ་ཆོས་རྗེ་རླུང་འཁོར་གློག་འདོན་ར་བ་བཙུགས། མ་འོངས་པར་ཉི་འོད་ནུས་པའི་གློག་འདོན་ར་བས་སྐྱེ་ཁམས་ལྗང་སྒྱུར་ཅན་ལ་འགྱུར་བར་སྐུལ་འདེད་བྱེད་ཆེད། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་བཞི་འབུམ་གསུམ་ཁྲི་བདུན་བཏང་སྟེ་འཛུགས་སྐྲུན་གླིང་ཁུལ་དུ་རླུང་འགོག་ནགས་སྐྲུན་སྤྱི་ལེ134དང་སྤྱི་ཆིངས417ལ་སླེབས་ཏེ། སྡོང་ཕྲུག་སྣ་ཚོགས་ཁྲི་གཅིག་ལྷག་འདེབས་འཛུགས་བྱས། འོད་ནུས་གློག་འདོན་ཤེལ་ལེབ་གྱི་སྒྲོམ་གཞིའི་མཐོ་ཚད་མུས1.2ཡན་ལ་སླེབས་སུ་བཅུག་ཤིང་།  ཉི་འོད་ནུས་པའི་ཐོན་ལས་མངོན་འགྱུར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཡོད། ཁུལ་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་བྱ་བ་དང་དམ་སྦྲེལ་སྒོས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཁྱད་ལྡན་གྱི་ཚོང་རྟགས་འཛུགས་པ་གཙོ་གནད་དུ་བཟུང་ནས་ཁེ་ལས་ཀྱི་འགོ་ཁུངས་དང་ཆེད་གཉེར་མཉམ་ལས་ཁང་གི་ངོ་བོར་སྦྲེལ་ནས་བྱེ་ཁུལ་གྱི་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་རྟེན་གཞིའི་འཛུགས་བསྐྲུན་ལ་སྐུལ་འདེད་བྱེད་པར་ཤུགས་བསྣན་པ་དང་། 2017ལོའི་ལོ་མཇུག་བར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་བཏང་ནས་སྤྱི་ཆིངས་སྟོང་བཞི་ལྷག་ལ་འཕང་འབྲས་འདེབས་འཛུགས་བྱེད་པ་ལེགས་འགྲུབ་བྱུང་ཡོད།

ཆེད་དུ་གླེང་རིན་ཡོད་པ་ཞིག་ནི། མཚོ་ལྷོ་ཁུལ་གྱིས་འཆར་གཞི་བརྩོན་ལེན་བྱས་ནས་“བྱེ་ཐང་ཆེན་པོ་གསུམ”ལ་ཆུ་འདྲེན་སྐྱེ་ཁམས་སྣ་འཛོམས་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ཤིང་། བཟོ་སྐྲུན་དེས་ཆུའི་འགོ་ཁུངས་ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། སྐྱེ་ཁམས་བཅོས་སྐྱོང་དང་ཡུར་ལམ་ས་ཁུལ་འཛུགས་བསྐྲུན་བྱེད་པ། ཆུ་འགོའི་བཟོ་སྐྲུན་སོགས་ཀྱི་བྱེད་ཐབས་མང་པོ་ཞིག་སྣ་འཛོམས་བཅོས་སྐྱོང་བྱས་ཤིང་། མཇུག་མཐར་གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་ས་སེར་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་གསར་འཛུགས་བྱས། དེ་དང་ཆབས་ཅིག་ཏུ“བྱེ་ཐང་ཆེན་པོ་གསུམ”གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཆུ་བེད་འགན་སྲུང་འདོན་སྤྲོད་བྱས། ད་ལྟ་བཟོ་སྐྲུན་དེ《རྒྱལ་ཡོངས་ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད》དང《ནུབ་རྒྱུད་གསར་སྤེལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད》《མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད》བཅས་ཀྱི་གྲས་སུ་ཚུད་ཡོད། མཚོ་ལྷོ་ཁུལ་གྱིས“བྱེ་ཐང་ཆེན་པོ་གསུམ”ལ་ཆུ་འདྲེན་སྐྱེ་ཁམས་སྣ་འཛོམས་བཅོས་སྐྱོང་བཟོ་སྐྲུན་འཛུགས་བསྐྲུན་དོ་དམ་ཅུའུ་བཙུགས་པ་དང་ཐོག་མའི་དུས་ཡུན་གྱི་དུས་སྔོན་མའི་བྱ་བ་དེ་ལེགས་འགྲུབ་བྱས་ཡོད།

གཞན་ཡང་། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ས་ཆུ་སྲུང་འཛིན་སྐྱེ་ཁམས་ཁོར་ཡུག་ཚད་ལེན་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་རྩ་འཛུགས་བྱས་པའི་བྱ་བའི་ཚོ་ཆུང་གིས་མཚོ་སྔོན་པོའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ལ་ཚད་ལེན་ཞིབ་བཤེར་མ་ལག་འཁོར་སྐྱོད་ལས་གཞི་འགོ་བརྩམས་ནས་ས་ཆུ་སྲུངམ་འཛིན་རང་བཞིན་གྱི་ས་ངོས་ཚད་ལེན་ཞིབ་བཤེར་བྱ་བ་བསྒྲུབས་པ་རེད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། མཚོ་སྔོན་པོའི་མངའ་ཁོངས་ཀྱི་སྐྱེ་ཁམས་མ་ལག་འཁོར་སྐྱོད་ལས་གཞི་དེ2010ལོར་དངོས་སུ་ལས་འགོ་ཚུགས་པ་ཡིན་ལ། ལས་གཞི་དེའི་ལག་བསྟར་ཁྱབ་ཁོངས་ནི་མདའ་བཞི་དང་གསེར་ཆེན། རྐང་ཚ། ཐེམ་ཆེན་བཅས་རྫོང་ཁག4ཡི་རྒྱ་ཁྱོན་སྟོང་སྨིས་གྲུ་བཞི་མ་ཁྲི་ལྔ་སྟོང་དྲུག་ཟིན་ཡོད། མཚོ་སྔོན་པོའི་མངའ་ཁོངས་ཀྱི་ས་ཁམས་མི་འདྲ་བ་དང་ས་ཆུ་ཞན་འགྱུར་གྱི་ཁྱད་ཆོས་གཞིར་བཟུང་ནས། ལས་གཞི་དེའི་ཁོངས་སུ་རིགས་མི་འདྲ་བའི་ཆུའི་སྤུས་ཚད་ལེན་ཞིབ་བཤེར་ས་ཚིགས24ཡོད་ལ། དེའི་ཁྲོད་ས་ཆུའི་སྤུས་ཚད་རྒྱུན་འཁྱོངས་གཏན་ཁེལ་ལ་ཚད་ལེན་ཞིབ་བཤེར་བྱེད་པའི་གནས་མི་འདྲ་བ5དང་ས་ངོས་སྐོར་ཞིབ་ཚད་ལེན་ས་ཚུགས19བཅས་ཡོད།

ཆེད་མཁས་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱ་བ་གཙོ་བོ་དེས་མཚོ་སྔོན་མངའ་ཁོངས་ཀྱི་ས་ཆུ་ཞན་འགྱུར་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཡོད་པ་མ་ཟད། བྱ་བའི་ཚོ་ཆུང་གིས་ས་ངོས་ཀྱི་ཚད་ལེན་ཞིབ་བཤེར་ཚད་གཞི་གཞིར་བཟུང་ནས། ལོ་རེའི་བྱ་བ་བཀོད་སྒྲིག་གང་ལེགས་སྒོས་མཚོ་སྔོན་པོའི་མངའ་ཁོངས་ཀྱི་རྫོང་ཁག24ཡི་ས་ཆུའི་སྤུས་ཚད་རྒྱུན་འཁྱོངས་ཚད་ལེན་ས་ཚིགས་དེ་རིམ་བཞིན་ཡུལ་དངོས་ཚད་ལེན་ཞིབ་བཤེར་ས་ཚིགས་སུ་བསྒྱུར་བ་དང་། རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་རྩད་གཅོད་དང་གཞི་གྲངས་ཀློག་འདོན་བྱས་ཡོད། དེ་དང་ཆབས་ཅིག གཏན་ཁེལ་ཚད་ལེན་ས་ཚིགས་ཀྱི་ཚད་ལེན་ཞིབ་བཤེར་སྒྲིག་ཆས་བེད་སྤྱོད་ཀྱི་གནས་ཚུལ་དང་། རྫོང་ཁག་སོ་སོའི་ཚད་ལེན་མི་སྣའི་ཚད་ལེན་སྒྲིག་ཆས་བེད་སྤྱོད་ལ་འགེབས་སྲུང་བྱས་ཏེ། ཚད་ལེན་གཞི་གྲངས་ཀྱི་དབྱེ་ཞིབ་ཐད་ལ་མཛུབ་སྟོན་བྱས་ནས་ཚད་ལེན་ཞིབ་བཤེར་ཁྲོད་ཀྱི་གནད་དོན་དག་ལ་རྩད་གཅོད་ཞིབ་སྡུར་བྱས་པ་རེད།

ཐེངས་འདིའི་ཚད་ལེན་ཞིབ་བཤེར་བརྒྱུད་ཚད་ལེན་ཞིབ་བཤེར་ཐད་ཀྱི་དངོས་དཔག་གཞི་གྲངས་ལ་གྲུབ་འབྲས་བླངས་པ་མ་ཟད། སྔར་ལས་ལྷག་པས་སྤྱི་ཁྱབ་དབྱེ་ཞིབ་ཚད་ལེན་དཔྱད་འཇོག་བྱས་ཏེ། མཚོ་སྔོན་པོའི་ས་ཆུའི་ཞན་འགྱུར་གནས་ཚུལ་ཐད་ལ་གཞི་གྲངས་མཁོ་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།