གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་བྱེད་ཐབས་ལེགས་པོ།
2018.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

 སྟོན་གཞུང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཁོངས་གཏོགས་སུ་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་ཞིང་། གཉན་པོ་གཡུ་རྩེ་དང་བྱེའུ་མཚོ། སྔོ་མཚོ། རག་ཤེ་མཚོ། ཕག་ཀེའི་མཚོ་ནག ལུང་ཁའི་མཚོ་ནག་མ། རྡོ་ཁྲོབ། སྨིན་ཐང་རྨ་ཆུའི་ཡུལ་སྲོལ་སོགས་གདོད་མའི་སྐྱེ་ཁམས་ཀྱི་རང་བྱུང་བཀོད་པ་ཡིས་རྫོང་དེའི་རི་མཐོ་ས་གཙང་གི་ངོ་མཚར་རྨད་དུ་བྱུང་བའི་ཡུལ་ཁམས་ཤིག་གྲུབ་པར་བྱས་ཡོད།

གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ཕྲག་ཏུ་བླངས། ཉེ་བའི་ལོ་འདི་འགར། གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གོ་གནས་དང་པོར་བཞག་ཏེ། མུ་མཐུད་དུ་འཕེལ་རྒྱས་བསམ་ཕྱོགས་ཇེ་ལེགས་སུ་བཏང་བ་དང་། སྔོ་ལྗང་གི་རི་ཆུ་ནི་གཅིག་སྒྲིལ་གྱི་གསེར་རི་དངུལ་རི་ཡིན་པ་དང་། སྐྱེ་ཁམས་ཁྱད་སྟོབས་ནི་གཅིག་སྒྲིལ་གྱི་ཁྱད་སྟོབས་ཆེས་ཆེན་པོ་ཡིན་པའི་ཐུན་མོང་གི་ངོས་ཟིན་སྔར་ལས་ཇེ་དྲག་ཏུ་བཏང་ཞིང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་རིམ་བཞིན་མངོན་པ་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་ནི་འགན་འཁྲི་དང་འོས་འགན་ཞིག་ཡིན་པར་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དོན་སྙིང་གལ་ཆེན་ཞིག་ཀྱང་ཡིན། སྔར་ལས་རང་རྟོག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་ཀྱི་ཁྲོད་ཁྱབ་པར་བྱས་ཚེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག ཁྱོན་ཡོངས་འབྱོར་འབྲིང་བཅས་ཀྱི་གཅིག་སྒྲིལ་གསར་བ་འཛུགས་སྐྲུན་བྱེད་ཐུབ། གཅིག་སྒྲིལ་རྫོང་གིས་དམིགས་འབེན་དེ་ཡོངས་འགྲུབ་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོས་མདུན་དུ་སྐྱོད་ཀྱིན་ཡོད།

གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་གོ་གནས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམིགས་ནས། རྫོང་དེས་མགོ་མཇུག་བར་གསུམ་དུ་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། བླང་བྱ་གསར་བ་དང་ལམ་ལུགས་གསར་བ་རབ་དང་རིམ་པ་བཏོན།

རྫོང་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་ཚན་གཙོ་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་ཁུར་བའི་རྫོང་དཔོན་གཞོན་པ་དང་འབྲེལ་ཡོད་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ་ཚན་གཙོ་གཞོན་པ་ཡིན་པ། ཞང་གྲོང་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་ཁོར་ཡུག་སྲུང་སྐྱོབ་དང་འཕེལ་རྒྱས་བཅོས་སྒྱུར། ཞིང་ཕྱུགས། འགྲིམ་འགྲུལ། ལྟ་ཞིབ་སོགས་སྡེ་ཁག་བཅོ་ལྔའི་འགན་ཁུར་མི་སྣ་ཁོངས་མི་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་དང་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཙུགས་པ་དང་། 《གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འབེབས》ལྟར་རྫོང་དང་ཞང་། སྡེ་བ་བཅས་ཀྱི་དམིགས་འབེན་འགན་འཁྲི་ཡི་གེ་བཀོད་པར་མ་ཟད། 《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྔོན་སྐྱོད་ཁུལ་གསར་འཛུགས་བྱ་བའི་ཇུས་གཞི》འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔྱད་ཞིབ་རྐྱེན་སྲོལ་ཁྲོད་དུ་བཞག

《གཅིག་སྒྲིལ་རྫོང་གི་རླུང་ཁམས་ཆེན་པོའི་འབག་བཙོག་འགོག་བཅོས་ལག་བསྟར་ཇུས་གཞི》དང《གཅིག་སྒྲིལ་རྫོང་གི་ཆུའི་འབག་བཙོག་འགོག་བཅོས་བྱ་བའི་ཇུས་གཞི》། 《གཅིག་སྒྲིལ་རྫོང་གི་ས་རྒྱུའི་འབག་བཙོག་འགོག་བཅོས་བྱ་བའི་ཇུས་གཞི》བཅས་གཏན་འཁེལ་བྱས་ཏེ། རླུང་ཁམས་ཆེན་པོ་དང་ས་རྒྱུ། ཆུ་བཅས་ཀྱི་འབག་བཙོག་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རླུང་ཁམས་ཆེན་པོ་དང་ཆུའི་འབག་བཙོག་འགོག་བཅོས་བྱ་བའི་ལག་བསྟར་ཇུས་གཞི་དང་དཔྱད་ཞིབ་བྱེད་ཐབས་སོགས་ཆ་ཚང་སྲིད་ཇུས་གཏན་འཁེལ་བྱས་ཤིང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་ཚད་རྒྱ་བསྐྱེད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས།

《འཚོ་བའི་གད་སྙིགས་ཐག་གཅོད་ལག་བསྟར་ཇུས་གཞི》དང《གཅིག་སྒྲིལ་རྫོང་མཁར་གྱི་གད་སྙིགས་ཐག་གཅོད་ར་བའི་འཁོར་སྐྱོད་སྒྲིག་སྲོལ་ལམ་ལུགས》སོགས་འགྲེམ་སྤེལ་བྱས་ཏེ། གད་སྙིགས་ཐག་གཅོད་བྱ་བ་ཚད་ལྡན་དུ་བཏང་།

《གཅིག་སྒྲིལ་རྫོང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་གྱི་དོ་དམ་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གསལ་བོ་བྱས་པར་མ་ཟད། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་སློབ་གྲྭ་སོ་སོའི་སློབ་ཕྱིའི་ཟུར་ཁྲིད་སློབ་དེབ་དུ་བཀོད་དེ། རྒྱུན་ཆད་མེད་པར་རོང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་འཚོ་བའི་གོམས་སྲོལ་ལེགས་པོ་མཐོར་འདེགས་བཏང་།

རྫོང་གིས་རྩ་འཛུགས་བྱས་པའི་ཞིང་ཆེན་ཏང་ཨུའི་དར་དམར་སྒྲོག་སྦྱོང་ཚན་ཆུང་སོག་རུ་མ་སྡེ་བར་ཡོང་ནས་འབྲོག་པ་མང་ཚོགས་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི《ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ཀློག་དེབ》བྱིན་པ་དང་། ཁོ་ཚོར་ཚོགས་འདུའི་དགོངས་དོན་གོ་བདེ་བའི་ངང་སྒྲོག་འགྲེལ་བྱས།

སྒྲོག་སྦྱོང་ཚན་ཆུང་ང་ཚོའི་སྡེ་བར་ཡོང་ཐེངས་རེ་རེར། ཆེད་དུ་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་བཟུང་ནས་བཤད་པ་ཡིན་པས། ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་ཡིན་པ་ང་ཚོར་ཤེས་རྟོག་ཟབ་མོ་བྱུང་ལ། རྗེས་ཕྱོགས་སུ་རང་ནུས་ཅི་ལྕོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་དེ་ལྟར་བཤད་བྱུང་།

ད་ལྟའི་བར་དུ་དྲིལ་སྒྲོག་བྱེད་ཤུགས་རྒྱ་བསྐྱེད་དེ། དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་ནི་གཅིག་སྒྲིལ་རྫོང་གིས་ཡུན་རིང་དུ་འབད་པའི་དོན་ཆེན་ཞིག་ཡིན། མིག་སྔར། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མིའི་སེམས་སུ་ཟུག་ཡོད་ལ། སྲིད་གཞུང་གིས་ཀྱང་ཤུགས་ཆེན་པོས་ཕྱུགས་ཟོག་གསོ་སྤེལ་བཟོ་སྐྲུན་ལག་བསྟར་བྱས་ཏེ། ན་ནིང་ལོ་མཇུག་གི་བར་ཕྱུགས་སྤྱིལ་དྲུག་བརྒྱ་ཉེར་གཅིག་ལས་པ་དང་། སྐྱེ་ཁམས་ཕྱུགས་ལས་བརྟན་འཇགས་ངང་གོང་དུ་འཕེལ་ནས། རྩྭ་སའི་སྐྱེ་ཁམས་སླར་གསོ་ལེགས་པོ་བྱུང་།

གཅིག་སྒྲིལ་རྫོང་གིས་རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་ཁྱབ་གདལ་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། གཅིག་སྒྲིལ་རྫོང་གིས་བཙོག་དངོས་ཕྱིར་འབུད་ཇེ་ཉུང་དུ་གཏོང་བ་དང་། ཁོར་ཡུག་ལྟ་སྐུལ་དོ་དམ་ཁྲིམས་འཛིན། ཁོར་ཡུག་འབག་བཙོག་འགོག་བཅོས། ཁོར་ཡུག་སྲུང་སྐྱོབ་ཆེད་དོན་བྱ་སྤྱོད་སོགས་ཐད་ཀྱི་ཉམས་མྱོང་སྔོག་འདོན་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་སྡོད་ཁུལ་དུ་བསྐྱོད་པ་དང་། དགོན་པར་བསྐྱོད་པ། སློབ་གྲྭར་བསྐྱོད་པ། ཁེ་ལས་སུ་བསྐྱོད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཕྱོགས་མང་པོ་དང་ཁྱབ་ཁོངས་མང་པོ་ནས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དྲིལ་སྒྲོག་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར། ཟབ་ཞུགས། མི་རེ་རེ་ཁོར་ཡུག་སྲུང་སྐྱོབ་དང་བླངས་པ་དང་ལྟ་སྐུལ་པ་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཆགས་པ་དང་། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་དང་ཕྱོགས་མང་མཉམ་འགུལ་དང་མཉམ་དུ་དམ་འཛིན་དོ་དམ་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་རྣམ་པ་བཟང་པོ་གྲུབ།

སྔོན་ཆད་གློག་གཡིས་རྙིང་བའི་གནོད་པ་མི་ཤེས་ལ། རྫོང་ཁོར་ཡུག་སྲུང་སྐྱོབ་ཅུའི་སྒྲོག་འགྲེལ་ལ་ཉན་པ་དང་། དྲིལ་སྒྲོག་ལག་དེབ་ལ་བལྟས་རྗེས་ད་གཟོད་གློག་གཡིས་རྙིང་བར་གནོད་པ་འདི་འདྲ་ཆེན་པོ་ཡོད་པ་ཤེས་ནས། གློག་གཡིས་རྙིང་བ་འཚོལ་སྡུད་བྱེད་མགོ་བརྩམས་པ་ཡིན་ལ། དེ་ལྟར་བྱས་ཚེ་ཁོར་ཡུག་ལ་འབག་བཙོག་བཟོ་བ་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། ད་རུང་ཁོར་ཡུག་སྲུང་སྐྱོབ་ཅུས་ནས་ཉོ་རྫས་ཁུག་མར་བརྗེ་ཆོག་ཅེས་སྦྲ་གསར་ཞང་གི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པ་ཀུན་ནེ་ཡིས་ཅོག་ཙེ་སྟེང་གི་གློག་གཡིས་རྙིང་བ་མང་པོ་བསྟན་ནས་དེ་ལྟར་བཤད་བྱུང་།

ཞི་དུལ་བབ་ཆགས་ཀྱི་བོད་རིགས་ན་གཞོན་དེས་འདི་ལྟར་རྩྭ་ཐང་གི་གད་སྙིགས་སྣ་ཚོགས་བཏུས་ནས་ལོ་གཉིས་རིང་ལ་རྒྱུན་བསྐྱངས་པ་རེད།

ཀུན་ནེ་ལ་ད་ལྟའི་བར་དུ་བྱ་བ་འདི་རྒྱུན་འཁྱོངས་བྱེད་དོན་ཅི་ཡིན་ཞེས་དྲིས་པ་ན། ཁོས་བཤད་རྒྱུར།  ལོ་གཉིས་ཀྱི་སྔོན་ལ། ཞང་ཐོག་ནས་རྫོང་ཁོར་ཡུག་སྲུང་སྐྱོབ་ཅུའི་སྒྲོག་འགྲེལ་ལ་ཉན་རྗེས་རང་ཉིད་ལ་ཁོར་ཡུག་སྲུང་སྐྱོབ་ནི་སྲིད་གཞུང་གི་དོན་དག་ཁོ་ན་མིན་པར་རྩྭ་ཐང་དུ་འཚོ་བ་རོལ་གྱིན་པའི་འབྲོག་དམངས་རེ་རེ་ཡི་འོས་འགན་ཡིན་པའི་འདུ་ཤེས་སྐྱེས་བྱུང་བས།   ཚང་མས་མཉམ་དུ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་འཛུགས་དགོས་ཟེར།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤུགས་ཚད་རྒྱ་བསྐྱེད་པ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པའི་རྨང་གཞིའི་སྟེང་། གཅིག་སྒྲིལ་རྫོང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་ཆུ་བེད་ཅུའུ་ཡིས་བྱ་འགུལ་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ། དུས་བཅད་ལྟར་རྫོང་ཡོངས་ཀྱི་ཞང་ལྔ་དང་གྲོང་རྡལ་གཅིག་ཏུ་སོང་ནས་དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བ་དང་། ཁྱོན་ཡོངས་ནས་མང་ཚོགས་ཟབ་ཞུགས་ཀྱི་ཚད་མཐོར་འདེགས་བཏང་། ཅུས་དེས་ད་རུང་རྫོང་ཡོངས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོབ་གྲོས་འདོན་ཡི་གེ་ཁྲི་གཅིག་ལྷག་བཀྲམ་པར་མ་ཟད། བྱ་དགའི་རྐྱེན་སྲོལ་བཙུགས་ཏེ། མང་ཚོགས་ཀྱིས་གློག་གཡིས་རྙིང་བ་ལྔ་འཚོལ་སྡུད་བྱས་ཚེ་ཉོ་རྫས་ཁུག་མ་གཅིག་རེ་སྟེར་བ་དང་། ལོ་མཇུག་ཏུ་ད་རུང་གློག་གཡིས་རྙིང་བ་བསྡུ་རུབ་བྱས་པ་མང་པར་མ་ཟད་ཡུན་རིང་ལས་ཀ་དེའི་རྒྱུན་བསྐྱངས་བའི་མང་ཚོགས་ལ་གཟེངས་བསྟོད་དང་བྱ་དགའ་བྱིན་ནས། འབད་བརྩོན་སྒོས་དམངས་ཡོངས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པའི་རྣམ་པ་བཟང་པོ་ཆགས་པར་བྱས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།