མཚོ་སྔོན་གྱིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་ཕན་འབྲས་རགས་ཙམ་ཐོབ།
2018.10.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 44

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་རྨ་ཆུའི་འགོ་ཁུངས་སུ་ཡོད་ལ། གནས་དེར་གངས་རི་དང་གཙང་པོ་མང་པོ་ཡོད་ཅིང་། སྤྱི་ཆིང་འབུམ་བདུན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཁུལ་དུ་ཚུད་ཡོད། དུས་ཡུན་རིང་པོར། ཕྱུགས་ལས་ནི་ས་གནས་དེའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད། ཡིན་ན་ཡང་ཕྱུགས་ཟོག་མང་དྲགས་པ་དང་མིའི་གཏོར་བརླག་ཐེབས་པ་སོགས་ཀྱི་དབང་གིས་ས་གནས་དེའི་རྩྭ་ས་བྱེ་འགྱུར་དང་ཞན་འགྱུར་གྱི་གནས་ཚུལ་ཚབས་ཇེ་ཆེར་སོང་བ་དང་། མི་དང་རྩྭ་ཕྱུགས་བར་གྱི“འགལ་བ”ཉིན་རེ་བཞིན་མངོན་གསལ་དུ་གྱུར་བས།  མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དཀའ་བ་དང་དབུལ་ཕོངས་ལས་ཐར་དཀའ་བར་གྱུར།

“2008ལོར་སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ224ཡི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་570ལས་མེད། ན་ནིང་མཉམ་ལས་ཁང་གིས་ཁྱིམ་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི 1ཙམ་བགོ་བཤའ་བརྒྱབ་བྱུང”ཞེས་སྡེ་མི་བཙན་སྲུང་གིས་སྡེ་བའི་འཕོ་འགྱུར་འདི་ལྟ་བུ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་བ་ལས་བྱུང་བ་རེད་ཅེས་བཤད།

2008ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མ་རྐང་ལམ་ལུགས་བཅོས་སྒྱུར་བྱེད་པ་དཀྱིལ་སྙིང་དུ་འཛིན་པ་དང་སྣོད་བཅུད་སྲུང་སྐྱོབ་བྱེད་པ་ཨང་དང་པོར་འཇོག་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་འགོ་བརྩམས།

ས་བབ་མཐོ་ཚད་མུས་སུམ་སྟོང་དགུ་བརྒྱ་ལྔ་བཅུ་ཟིན་པའི་གངས་ལུང་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་རེད།  “སྡེ་བའི་ནགས་ཚལ་དང་ས་ནག་གི་གཞི་ཁྱོན་ཆེ་ཞིང་རང་བྱུང་རྩྭ་སའི་གཞི་ཁྱོན་ཆུང་བས། ”2008ལོ་ནས་བཟུང་། སྲིད་གཞུང་གི་རྒྱབ་སྐྱོར་འོག གངས་ལུང་སྡེ་བས་སྲིད་གཞུང་གི་ཁ་གསབ་མ་དངུལ་སྤྱད་ནས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བསྒྱུར་ཏེ་སྡེ་བ་ཧྲིལ་པོའི་ཐོན་ཁུངས་མ་རྐང་ལམ་ལུགས་ལ་བསྒྱུར་རྒྱུ་ལེགས་འགྲུབ་བྱུང་བ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་བ་ཡིན་ཞེས་བཙན་སྲུང་གིས་དེ་ལྟར་བཤད་བྱུང་།

མིག་སྔར། གངས་ལུང་སྡེ་བ་ཡོངས་ཀྱི་ནོར་ནག་སྟོང་གཉིས་ལྔ་བརྒྱ་ལྷག་དང་རྩྭ་ས་མུའུ་འབུམ་གཅིག་ཁྲི་གསུམ་ཙམ་མ་རྐང་དུ་བསྒྱུར་ནས་མཉམ་ལས་ཁང་ལ་ཞུགས་པ་དང་། མཉམ་ལས་ཁང་གིས་རྩྭ་སར་གཞིགས་ནས་ཕྱུགས་ཟོག་འཚོ་གསོ་དང་། ཕྱུགས་འཚོ་རེས་བྱེད་པ། དུས་ཚིགས་ལྟར་ཕྱུགས་འཚོ་རེས་བྱེད་པ། མཉམ་ལས་ཁང་གི་ལས་བཟོ་བར་ལས་བགོས་ཁ་གསབ་དང་རྩོལ་བསྟུན་ཐོབ་ལེན་དང་། མ་རྐང་གི་མང་ཉུང་ལྟར་ཁེ་སྤོགས་བགོ་བཤའ་རྒྱག་བཞིན་ཡོད་ལ། སྡེ་བ་ཡོངས་ཀྱི་སྡེ་མི100%མཉམ་ལས་ཁང་ལ་ཞུགས་ཡོད་པ་རེད། བཙན་སྲུང་གིས་བཤད་རྒྱུར། “ན་ནིང་གི་ལོ་མཇུག་ཏུ། མཉམ་ལས་ཁང་གི་ཡོང་འབབ་རྐྱང་བ་སྒོར་ས་ཡ་གཉིས་འབུམ་བཞིར་བསླེབས་པ་དེ། ལོ་བཅུའི་སྔོན་དང་བསྡུར་ན་མཉམ་ལས་ཁང་གིས་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་ཚད50%ཙམ་ཟིན་ཡོད”ཟེར།

“འབྲོག་པ་མང་ཚོགས་མ་རྐང་དུ་ཞུགས་པ་དང་། ཕྱུགས་གྲངས་ཇེ་ཉུང་དུ་བཏང་ཡང་ཡོང་འབབ་ཇེ་དམར་སོང་མེད། ”མིག་སྔར་མགོ་ལོག་ཁུལ་དུ་གངས་ལུང་ལྟ་བུའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང107ཡོད་ལ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བྱུང་ནས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་སོང་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་ཞོལ་མ་ཞང་གཉན་རྭ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཕྱུགས་རྫི་རིག་བྷོ་ཡིས་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་འདུག རིག་བྷོ་ནི་སྡེ་བ་དེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཞིག་ཡིན་ལ། སྔོན་ཆད་ཕྱིར་ཞོར་ལས་ལ་བསྐྱོད་ཀྱང་ལོ་རེར་ཁྱིམ་ཚང་གི་ཡོང་འབབ་སྒོར་སྟོང་བརྒྱད་ཙམ་ཡང་ཟིན་གྱི་མེད། “ད་སྐབས་ངས་མཉམ་ལས་ཁང་དུ་ལས་ཀ་ལས་བཞིན་ཡོད། ལོ་རེར་གླ་ཕོགས་སྒོར་ཁྲི་གསུམ་ལྷག་ཡོད་པའི་ཁར་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་བསྣན་ཚེ་ལོ་རེར་ཡོང་འབབ་སྒོར་ཁྲི་ལྔར་བསླེབས་ཡོད”ད་ལྟ་འཚོ་བ་སྔོན་ཆད་ལས་ཇེ་བཟང་ཇེ་སྐྱིད་ཡིན་པས་རེ་བ་ཆེ་ཤོས་ནི་བུ་མོས་སློབ་སྦྱོང་ཡག་པོ་བྱས་ནས་ཕྱིར་སྐྱོད་ཐུབ་རྒྱུ་དེ་ཡིན་ཞེས་རིག་བྷོས་དེ་ལྟར་བཤད་བྱུང་།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་བྲག་འཁྱོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཨ་མ་རྒན་མོ་དགའ་བདེ་ཡིས་མཉམ་ལས་ཁང་གིས་ང་ལ་བདེ་སྐྱིད་སྦྱིན་བྱུང་། “ སྔོན་ཆད་ཁྱིམ་ཚང་ལ་དཀའ་ཁག་ཆེན་པོ་ཡོད་པ་དང་དེའི་ཁར་ཡོང་འབབ་གཅིག་ཀྱང་མེད་པས་འཚོ་བ་ཧ་ཅང་སྡུག ད་ལྟ་མཉམ་ལས་ཁང་དུ་ཞུགས་པ་དང་། ང་མཉམ་ལས་ཁང་གི་ཕྱུགས་རྫི་དང་འོ་མ་བཞོ་མཁན་ཡིན་པས་ཟླ་རེར་གླ་ཕོགས་སྒོར་སྟོང་གཅིག་ཡན་ཡོད།  འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་རེད”ཅེས་དེ་ལྟར་བཤད་བྱུང་།

མ་འོངས་བའི་འཚོ་བ་གླེང་སྐབས། དགའ་བདེ་ཡིས་བཤད་རྒྱུར། “གཙོ་ཆེ་ཤོས་ནི་ཁོར་ཡུག་རེད། ཁོར་ཡུག་བཟང་ཚེ་ཕྱུགས་ལས་ལ་འཕེལ་རྒྱས་ལེགས་པོ་འབྱུང་སྲིད། ཕྱུགས་ལས་ལ་འཕེལ་རྒྱས་ལེགས་པོ་འབྱུང་ཚེ་ང་ཚོའི་འཚོ་བ་ཇེ་བཟང་ཡིན་པ་སྨོས་མ་དགོས་པ་རེད”ཟེར།

ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་ལ་སྐུལ་འདེད་བཏང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་རྩྭ་ས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན།  ཉེ་བའི་ལོ་ལྔའི་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་སའི་ཨ་བྲའི་གནོད་འཚེ་ཐེབས་ཁུལ་གྱི་གཞི་ཁྱོན21.66%ནས་གཞི་ཁྱོན14.99%ཇེ་ཆུང་དུ་སོང་ཡོད། ཉེ་བའི་ལོ་གསུམ་གྱི་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་སྔོན་ཆད་ཀྱི57.77%ནས60.62%བར་ཇེ་མཐོར་སོང་བ་དང་། ས་ནག་ཐང་གི་གཞི་ཁྱོན2013ལོའི་མུའུ་བྱེ་བ་གཉིས་ས་ཡ་དྲུག་འབུམ་གཅིག་ཁྲི་ལྔ་སྟོང་བཞི་ནས་མུའུ་བྱེ་བ་གཉིས་ས་ཡ་བཞི་འབུམ་ལྔ་ཁྲི་དགུ་སྟོང་བཞིར་ཇེ་ཆུང་དུ་སོང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།