མཚོ་སྔོན་གྱིས་དཔྱད་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཤུགས་བསྣན།
2018.10.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 41

 ཉིན་འགའི་སྔོན་ལ། མཚོ་སྔོན་ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔྱད་ཞིབ་དམིགས་ཚད་ཡག་པོ་བསྒྲུབས་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོར་སྐྱེ་ཁམས་ཀྱི་ཚད་བཀག་དམར་ཐིག་སྲུང་སྐྱོབ་ལེགས་པོ་བྱས་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་རྒྱུའི་སྐུལ་འདེད་བཏང་བ་རེད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པའི་འདུ་ཤེས་ལྟར། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་མཐུན་སྦྱོར་བྱས་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་སོགས་ཀྱི་གཙོ་གནད་ལས་དོན་འབུར་དུ་ཐོན་པར་བྱས་ཐོག  སྐྱེ་ཁམས་ལས་གཞི་དང་། ནུས་ཁུངས་གྲོན་ཆུང་། བཙོག་འབུད་ཉུང་གཏོང་། ཁོར་ཡུག་བཅོས་སྐྱོང་། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་སོགས་ཀྱི་ནང་དོན་དེ་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཁྲོད་དུ་བཞག་པ་དང་ཆབས་ཅིག ཁུལ་དང་རྫོང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་ཁག་གཅིག་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་དངོས་འབེབས་བྱེད་པའི་དཔྱད་ཞིབ་ནང་དོན་གསར་དུ་ཁ་བསྣན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དཔྱད་ཞིབ་ཀྱི་དམིགས་ཚད་དོན་ཚན་ཆེན་པོ9ནས་ཆུ་བེད་སྤྱོད་ཀྱི་བསྡོམས་གྲངས་ཚོད་འཛིན་དང་། ཆུའི་སྤུས་ཚད་ཁག་ཐེག སྦགས་བཙོག་ཚོད་འཛིན། གྲོང་ཁྱེར་གྱི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གཙང་སེལ། ས་ནག་ཐང་བཅོས་སྐྱོང་།  རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་བཅོས། བརླན་ས་སྲུང་སྐྱོབ།  རི་བཀག་ནགས་གསོ་སོགས་དོན་ཚན25བགོས་ནས། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ་གཙོ་བོའི་རྫོང8དང་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་རྫོང20ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ། ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་བཞི་མེད་པར་བཟོས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་པར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱིས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལྟར་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བྱེད་པ་བཅས་ལ་དམ་པོར་དམིགས་ནས། ཚན་རྩལ་ཐོན་རྫས་ཀྱི་རིན་ཐང་དང་། ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ། མཐོ་གསར་ལག་རྩལ་ཐོན་ལས། ཡུལ་སྐོར་ལས་རིགས། རིག་གནས་ཐོན་ལས། བཟའ་བཏུང་དང་སྨན་རྫས་ཀྱི་བདེ་འཇགས། བཟོ་ལས་འཕེལ་རྒྱས་ཀྱི་ཚན་རྩལ་མ་འཇོག་སོགས་ཀྱི་ནང་དོན་ས་གནས་སོ་སོ་དང་སྡེ་ཁག་སོ་སོ། བཟོ་ལས་ཁེ་ལས་སོ་སོའི་ལོ་འཁོར་གྱི་དཔྱད་ཞིབ་དམིགས་ཚད་ཁྲོད་བཞག་སྟེ། བོད་ཁམས་ཀྱི་ཁུལ6ལ་སྐྱེ་ཁམས་དཔལ་འབྱོར་ནགས་ཤིང་དང་། ཁེ་ལས་འབྲིང་ཆུང་སྐྱེད་སྲིང་། ལྗང་མདོག་བཟོ་ལས་ཀྱི་རིན་ཐང་འཕར་བ། མི་རིགས་ལག་ཤེས་བཟོ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་སོགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཚོན་པའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཚད་9གཅིག་གྱུར་ངང་ཁ་གསབ་བྱས་པ་དང་། གནས་ཚད་25%ཡན་བར་འཕར་ཡོད་པ་རེད།

གཞན་ཡང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་འཛུགས་སྐྲུན་མ་དངུལ་རིམ་བསགས་ཀྱིས་སྒོར་དུང་ཕྱུར་260ལྷག་བཏང་ནས། ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་བརྒྱད་བརྒྱ་བརྒྱད་ཅུ་བཅོས་སྐྱོང་བྱས་པས། ལོ་མང་རིང་རྨ་ཆུའི་གཞུང་ཆུའི་ཆུ་སྤུས་རིགས་གཉིས་པ་རྒྱུན་འཁྱོངས་ཐུབ་པ་མ་ཟད། འབྲི་ཆུ་དང་རྫ་ཆུའི་ཆུ་སྤུས་རིགས་དང་པོ་ཟིན་ནས། “དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར”འགན་སྲུང་བྱས་པ་རེད།

“ཀྲུང་ཧྭའི་ཆུ་མཛོད”ཀྱི་གཟི་བརྗིད་མཚན་སྙན་ཡོད་པའི་མཚོ་སྔོན་གྱིས་ལོ་རེར་སྨད་རྒྱུད་དུ་ཆུའི་ཐོན་ཁུངས་མུས་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600སྐྱེལ་བཞིན་ཡོད་པས། མཚོ་སྔོན་ནི་རང་རྒྱལ་གྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཡིན་ན་ཡང་དེ་དང་ཆབས་ཅིག མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་བ་ཆེས་ཚབས་ཆེ་བའི་ཞིང་ཆེན་གྲས་ཀྱི་གཅིག་ཀྱང་ཡིན་པས། ཆུ་ཤུགས་དང་། རླུང་ཤུགས། དྲོད་གྲང་བཅས་ཀྱི་བར་ནུས་པ་ཐོན་རེས་བྱས་ནས་གནོད་འཚེ་ཐོན་སླ་སྟབས་ས་ཆུ་སྲུང་འཛིན་གྱི་ལས་འགན་དཀའ་ཚེགས་དེ་བས་ཆེ་བ་རེད།

ས་ཆུ་ཤོར་བའི་གནད་དོན་རྩ་བའི་ཆ་ནས་བཅོས་སྐྱོང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གཙང་པོའི་ཆུ་འགོ་ཁུལ་དུ་འགོག་གསོ་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་བྱེད་རྒྱུ་གཙོ་བོ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཕལ་པར་བྱས་ནས་སྐྱེ་ཁམས་སྲུང་ཡོལ་བསྐྲུན་པ་དང་། ཆུ་འགོ་ཁུལ་གཙོ་བོ་ཁག་ཏུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་སྤྱད་དེ་ཆུ་འགོའི་ཆུ་སྤུས་བདེ་འཇགས་ཡོང་བར་འགན་སྲུང་བྱས་པ། ཆུ་ཟད་རླུང་ཟད་ཁུལ་དུ་བཀག་སྡོམ་བཅོས་སྐྱོང་བྱས་པ་རེད།

2006ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དཔྱད་ཞིབ་དམིགས་ཚད་ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། ད་ལོའི་ལོ་འགོར། བྱེད་ནུས་ཁུལ་དང་ཟུང་འབྲེལ་བྱས་ཐོག་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ་གཙོ་བོ་ཡོད་སའི་རྫོང་8དང་གཙོ་གནད་སྐྱེ་ཁམས་རྫོང20ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དང་། བཟོ་ལས་འཕར་སྣོན་རིན་ཐང་། གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་4མེད་པར་བཟོས་ནས། སྐྱེ་ཁམས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་རེད།

སྐྱེ་ཁམས་སྔོན་མ་བྱེད་པའི་འཕེལ་རྒྱས་འཐབ་ཇུས་འོག མང་ཚོགས་མི་ཉུང་བ་ཞིག་གིས“རང་བྱུང་གི་ལེགས་སྐྱེས”ལོངས་སུ་སྤྱོད་བཞིན་ཡོད། “ས་ཆུ་སྲུང་འཛིན་དང་ཆུའི་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་སུ་དབུལ་ཕོངས་སྡེ་བ255ཡི་དབུལ་ཕོངས་མི་གྲངས་འབུམ་གཅིག་ཁྲི་བཞི་སྟོང་དྲུག་ལ་ཐད་ཀར་ཕན་པ་ཐོབ་ཡོད”མིག་སྔར་ཞིང་ཆེན་ཡོངས་སུ་བཞུར་རྒྱུན་ཆུང་བ་དང་། སྐྱེ་ཁམས་ཡུལ་སྐོར། དབུལ་ཐར་མཁྲེགས་གཏོར། འདེབས་འཛུགས་དང་གསོ་སྤེལ་སོགས་ཟུང་འབྲེལ་བྱེད་པའི་བཞུར་རྒྱུན་ཆུང་བའི་ལས་གཞི་ཁག་གཅིག་སྤེལ་ནས། རྒྱ་ཆེའི་མང་ཚོགས་ལ་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་དངོས་གནས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད་ཅེས་མཚོ་སྔོན་ཞིང་ཆེན་ས་ཆུ་སྲུང་འཛིན་ཅུས་ཀྱི་ཅུས་ཀྲང་ཏང་ཧྲེང་གིས་དེ་ལྟར་བཤད་བྱུང་།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་གྱིས་བསྡོམས་པས་རྒྱལ་ཁབ་བརླན་སའི་སྤྱི་གླིང19བཙུགས་པ་དང་། སྤྱིའི་རྒྱ་ཁྱོན་མུའུ་ས་ཡ་བཞི་འབུམ་བརྒྱད་ཁྲི་བདུན་ལྷག་ལ་སླེབས་པས། རྒྱལ་ཡོངས་ཀྱི་ཨང་གསུམ་པ་ཟིན་ཡོད།

རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང19དེ་མཚོ་སྔོན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ཏུ་ཁྱབ་ཡོད། དེའི་ནང་མཚོ་བྱང་ཁུལ་དང་མགོ་ལོག་ཁུལ་གཉིས་སུ་ཆེས་མང་། བརླན་ས་དེ་བཞུར་རྒྱུན་བརླན་ས་དང་མཚེའུ་བརླན་ས། ན་འདམ་བརླན་ས། མིས་བཟོས་བརླན་ས་སོགས་ཀྱི་རིགས་བཀར་ཡོད། སྲུང་སྐྱོབ་བྱེད་ཡུལ་གཙོ་བོ་ནི་ན་འདམ་དང་བཞུར་རྒྱུན། ཆུ་བྱ་རིགས་བཅས་ཡིན། བརླན་སའི་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོབ་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་ལ། བརླན་སའི་རང་བྱུང་སྲུང་སྐྱོབ་ཁུལ་དང་སྲུང་སྐྱོབ་ཁུལ་ཆུང་བ། བརླན་སའི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ་སྡོད་གནས་དང་། དེ་མིན་བརླན་ས་མང་པོའི་བཀོལ་སྤྱོད་དོ་དམ་ཁུལ་སོགས་ཐུན་མོང་གི་བརླན་ས་སྲུང་སྐྱོབ་དོ་དམ་མ་ལག་གྲུབ་ཡོད། ས་ཁོངས་ཀྱི་སྐྱེ་ཁམས་གནས་ཚུལ་ལེགས་བཅོས་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་དབྱེ་འབྱེད་ཁག་བགོས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་གཏིང་ཟབ་ཏུ་སྐུལ་འདེད་བྱས་པས། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་སོང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་བརླན་ས་སྣ་ཚོགས་ཀྱི་གཞི་ཁྱོན་མུའུ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཉིས་ལ་སླེབས་ཡོད། རྒྱལ་སྤྱིའི་བརླན་ས་གཙོ་བོ3དང་། རྒྱལ་ཁབ་ཀྱི་བརླན་ས་གཙོ་བོ17། རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང19བཅས་ཡོད། མཚོ་སྔོན་གྱི་བརླན་སའི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་གཞི་ཁྱོན་གྱི15.19%ཟིན་པ་དང་། བརླན་སའི་ཐོན་ཁུངས་ཕུན་སུམ་ཚོགས་ལ། རིགས་སྣ་མང་བས། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་དོ་སྙོམས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཏུ་གྱུར་ཡོད །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།