མཚོ་སྔོན་གྱི་ས་ཆུ་སྲུང་འཛིན་བྱ་བར་ཕན་འབྲས་མངོན་གསལ་ཐོབ།
2018.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

 རིམ་པ་སོ་སོའི་ས་ཆུ་སྲུང་འཛིན་སྡེ་ཁག་གིས་ལོ་མང་པོར་བཅོས་སྐྱོང་བྱས་པ་བརྒྱུད་དེ། མཚོ་སྔོན་གྱི་བཞུར་རྒྱུན་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་ཁུལ་ལ་འཕོ་འགྱུར་ཆེན་པོ་བྱུང་ནས། སྔོན་ཆད་ཀྱི་རི་རྒོད་ཐང་སྟོང་དེ་ད་ལྟ་སྔོ་ལྗང་ལྗང་གི་ཡུལ་ཁམས་ཤིག་ཏུ་གྱུར་ཡོད།

མིག་སྔར། མཚོ་སྔོན་གྱིས་ཤར་ཕྱོགས་མཐོ་སྒང་དང་གཙང་གསུམ་འབྱུང་ཡུལ། མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ། མདོ་ལ་རི་བོའི་ལྟག་ཆུ་བསྐྱིལ་གསོག་ས་ཁུལ། ཚྭ་འདམ་གཞོང་བཅས་སྐྱེ་ཁམས་བྱེད་ནུས་ཁུལ་ཆེན་པོ་ལྔའི་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་སླར་གསོ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པའི་གནས་བབ་བཟང་པོ་ཆགས་ཡོད།

ཞིང་ཆེན་ཆུ་བེད་ཐིན་ས་ཆུ་སྲུང་འཛིན་ཅུའི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་དུ་རི་བཀག་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་བྱེད་པ་གཙོ་ཡིན་པའི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ནས། སྐྱེ་ཁམས་སྲུང་བའི་ཡོལ་བ་བརྟན་འཇགས་སུ་བཏང་ཞིང་། ཆུའི་འབྱུང་ཁུངས་གཙོ་བོ་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་ལག་བསྟར་བྱས་ཏེ། མགོ་ཁུངས་ཀྱི་ཆུའི་བདེ་འཇགས་འགན་སྲུང་བྱས། ཆུ་ཟད་རླུང་ཟད་ཁུལ་དུ་བཀག་སྡོམ་བཅོས་སྐྱོང་ལག་བསྟར་བྱས་ནས། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགན་སྲུང་བྱས། ས་ཆུ་ཤོར་བ་ཚབས་ཆེ་བའི་ས་ཁུལ་གྱི་རི་ཆུ་ཞིང་ནགས་ལམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། གཟར་ཞིང་མང་བའི་ས་ཁོངས་ཀྱི་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བྱས།

ཐོན་སྐྱེད་འཛུགས་སྐྲུན་ལས་གཞིས་བཟོས་པའི་ས་ཆུ་ཤོར་བར་ལྟ་སྐུལ་ཚོད་འཛིན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ཏེ། ས་ཆུ་ཤོར་བར་ཚོད་འཛིན་ནན་མོ་བྱས། ཁྱད་པར་དུ་ཙོང་ཆུའི་བཞུར་རྒྱུན་དུ་ས་ཆུ་ཤོར་བ་བཅོས་སྐྱོང་དང་ནགས་སྐྲུན་ལྗང་བསྒྱུར། འཚོ་སྡོད་ཁོར་ཡུག་ལེགས་བཅོས་རྒྱུན་འཁྱོངས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ས་ཆུ་སྲུང་འཛིན་དང་ལྗང་བསྒྱུར། སྐྱེ་ཁམས་སྲུང་སྐྱོབ། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་མ་དངུལ་གཅིག་གྱུར་ཧྲིལ་བསྡུས་བྱས་ནས། རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་འགོ་བརྩམས་པ་དང་། གཞི་ཁྱོན་ཆེན་པོས་སྡོང་འཛུགས་ལྗང་བསྒྱུར་བྱ་བ་སྤེལ་ནས། ཙོང་ཆུའི་བཞུར་རྒྱུན་གྱི་གཞི་ཁྱོན་ཅན་གྱི་ནགས་ར་མུའུ་ས་ཡ་གཅིག་གི་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་ཐོག་མའི་ཚོད་ལྟའི་ཁྲོད་བཞག

རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་གཞི་ཁྱོན་སྤྱི་ཆིང་འབུམ་གཉིས་ཁྲི་དྲུག་ལྷག་ཡོངས་འགྲུབ་བྱས། ཉེ་བའི་ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་ཆུ་བེད་ལས་རིགས་ཀྱིས་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་ཉིས་བརྒྱ་ལྷག་བཅོས་སྐྱོང་བྱས། མཚོ་སྔོན་ཤར་ཕྱོགས་ཀྱི་ས་ཆུ་ཤོར་བ་ཚབས་ཆེ་བའི་གནད་སའི་བཅོས་སྐྱོང་ཁུལ་ལ་རིམ་བསགས་ཀྱིས་ས་ཆུ་སྲུང་འཛིན་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་བཏང་ཏེ། བཞུར་རྒྱུན་ཆུང་བ་ཞེ་གསུམ་བཅོས་སྐྱོང་བྱས་པ་དང་། གཟར་ཞིང་སྤྱི་ཆིང་ཁྲི་གཅིག་སྟོང་བརྒྱད་བསྒྱུར་བཀོད་བྱས་པ། འདམ་རགས་བཅུ་གཅིག་འཛུགས་སྐྲུན་བྱས།

ལས་གཞི་ས་ཁུལ་གྱི་ས་ཆུ་ཤོར་བའི་གཞི་ཁྱོན་བརྒྱ་ཆའི་བཞི་བཅུ་ནས་བརྒྱ་ཆའི་བདུན་ཅུའི་བར་ཇེ་ཆུང་དུ་སོང་བ་དང་། ས་རྒྱུར་བསླད་སྐྱོན་ཐེབས་ཚད་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་དྲུག་ཅུར་ཇེ་ཉུང་དུ་སོང་ཏེ། སྐྱེ་ཁམས་དང་དཔལ་འབྱོར། དམངས་ཚིས་བཅས་ཐད་ཀྱི་ས་ཆུ་སྲུང་འཛིན་གྱི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་།

ས་ཆུ་ཤོར་བ་སྲུང་འཛིན་གྱི་བཞུར་རྒྱུན་ཆུང་བའི་བཟོ་སྐྲུན་གྱིས་གནད་ཕིགས་དབུལ་སྐྱོར་དང་ཞིང་སྡེ་དར་སྤེལ་གཏོང་བར་བྱས་རྗེས་བཞག་མོད། འོན་ཀྱང་སྐྱེ་ཁམས་ཀྱི་རྨང་གཞི་གཙོ་བོ་ཡིན་པའི་ཆ་ནས། ས་ཆུ་སྲུང་འཛིན་གྱི་བྱ་བ་སྔར་བཞིན་ལྕི་ཞིང་རྒྱང་ཐག་རིང་བ་རེད།

མཚོ་སྔོན་ནི་གཙང་གསུམ་འབྱུང་ཡུལ་དུ་གནས་པས། ལོ་རེར་སྨད་རྒྱུད་དུ་མུས་རྒྱ་དཔངས་གྲུ་བཞི་དུང་ཕྱུར་དྲུག་བརྒྱའི་ཆུའི་ཐོན་ཁུངས་ལེགས་པོ་འདོན་སྤྲོད་བྱེད་ཀྱིན་ཡོད་ལ། རང་རྒྱལ་གྱི་གལ་ཆེ་བའི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྐྱེ་ཁམས་སྲུང་བའི་ཡོལ་བ་ཡིན་པས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། དུས་མཚུངས་སུ། མཚོ་སྔོན་ཡང་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་བ་ཆེས་ཚབས་ཆེ་བའི་ཞིང་ཆེན་གྲས་ཀྱི་གཅིག་ཀྱང་ཡིན་པས། ས་ཆུ་སྲུང་འཛིན་གྱི་ལས་འགན་དཀའ་ཚེགས་ཆེ་བ་རེད།

ཐུན་མོང་མ་ཡིན་པའི་ཞིང་ཆེན་གྱི་ཆུའི་གནས་ཚུལ་ལ་དམིགས་ནས། ལོ་མང་པོའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཆུ་བེད་པུའུ་ཡི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱས་ཏེ། ཆུ་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་ལ་བརྟེན་ནས་དམངས་ཚིས་ལ་ཕན་ཁེ་སྐྲུན་པ། ཆུ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། བཞུར་རྒྱུན་ཆུང་བ་བཅོས་སྐྱོང་དང་གཟར་ཞིང་བསྒྱུར་བཀོད། འདམ་རགས་འཛུགས་སྐྲུན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བྱས་པའི་དུས་མཚུངས་སུ། སྔོན་འགོག་ལྟ་སྐུལ་དང་སྲིད་འཛིན་ཆོག་འཐུས། ལྟ་ཞིབ་གདེང་འཇོག་བཅས་ལ་ཤུགས་སྣོན་བྱས་ཏེ། ས་ཆུ་ཤོར་བ་ནུས་ཡོད་སྒོས་བཀག་འགོག་བྱས་པ་དང་། ས་ཆུ་སྲུང་འཛིན་གྱི་འདེགས་སྐྱོར་འགན་སྲུང་ནུས་པ་སྔར་ལས་ཇེ་དྲག་ཏུ་གྱུར།

སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས།  རི་ཆུ་དང་ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་བཅས་ནི་ཐུན་མོང་གི་ཚེ་སྲོག་ཕུང་བོ་ཡིན་པའི་དགོངས་པ་ནན་ཏན་སྒོས་ལག་ལེན་དང་། མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་མ་བྱེད་པའི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་བྱེད་པ་དེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོའི་བཞུར་རྒྱུན། ཤར་ཕྱོགས་ས་སེར་མཐོ་སྒང་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་ས་ཆུ་སྲུང་འཛིན་གྱི་བྱ་བ་གལ་ཆེན་ཁྱོན་ཡོངས་ནས་མཐོར་འདེགས་འབྱུང་བར་མ་ཟད། དེ་ནི་རྒྱུན་མཐུད་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་ཡུན་རིང་གི་འཐབ་འཛིང་ཅིག་ཡིན་པ་མཚོན་ཡོད།

དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་ལྟར་སྐྱེ་ཁམས་ཀྱི་ཚད་བཀག་དམར་ཐིག་དངོས་འབེབས་བྱས་ཏེ། གསར་སྤེལ་བྱ་སྤྱོད་དོ་དམ་ཚོད་འཛིན་ནན་མོ་བྱས་པ་དང་། ས་ཁོངས་ཡོངས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་གཅིག་གྱུར་ངང་སྐུལ་འདེད་བྱས་ཏེ། བཅོས་སྐྱོང་འཛུགས་སྐྲུན་གྱི་གཞི་ཁྱོན་ཆེས་ཆེར་ཇེ་མཐོར་སོང་།

རྒྱུས་ལོན་པ་ལྟར་ན། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་གྱི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་ཉིས་བརྒྱ་དྲུག་ཅུ་ལྷག་བཏང་ཏེ། རྒྱལ་ཁོངས་ལྗང་བསྒྱུར་དང་རྨོ་སྐྱུར་ནགས་སྐྲུན། ཕྱུགས་སྐྱུར་རྩྭ་འདེབས། རྩྭ་ས་བཅོས་སྐྱོང་། ས་ཆུ་སྲུང་འཛིན། སྐྱེ་ཁམས་སླར་གསོ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས། ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་སྟོང་བཞི་བརྒྱད་བརྒྱ་བརྒྱད་ཅུ་བཅོས་སྐྱོང་བྱས། བཅོས་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ནས། ཐང་རྒོད་ཅན་གྱི་གཞི་ཁྱོན་ལོ་རེར་ཆ་སྙོམས་ཀྱིས་སྤྱི་ཆིང་ཁྲི་གཅིག་ལྷག་ཇེ་ཉུང་དུ་སོང་བ་དང་། བྱེ་མ་ཅན་གྱི་གཞི་ཁྱོན་ལོ་རེར་ཆ་སྙོམས་ཀྱིས་སྤྱི་ཆིང་ཁྲི་གཅིག་སྟོང་གཅིག་ལྷག་ཇེ་ཉུང་དུ་སོང་། ལོ་མང་པོའི་རིང་རྨ་ཆུའི་གཞུང་ཆུའི་ཆུ་སྤུས་རིགས་གཉིས་པ་རྒྱུན་འཁྱོངས་ཐུབ་པ་མ་ཟད། འབྲི་ཆུ་དང་རྫ་ཆུའི་ཆུ་སྤུས་རིགས་དང་པོ་ཟིན་ནས། “དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར”འགན་སྲུང་བྱས་པ་རེད།

དེ་དང་ཆབས་ཅིག་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་རེ་བཞི་ཡི་མཐོ་སྒང་གི་གལ་ཆེའི་བརླན་སའི་སྐྱེ་ཁམས་མ་ལག་དང་བརྒྱ་ཆའི་སུམ་ཅུ་ལྷག་གི་ནགས་ཚལ། བརྒྱ་ཆའི་གྱ་ལྔའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ས་བཅས་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཁྲོད་བཞག་ནས། རང་བྱུང་སྐྱེ་ཁམས་སླར་གསོ་འབྱུང་བར་དུས་ཚོད་དང་བར་གསེང་འདོན་སྤྲོད་བྱས།

ས་ཆུ་སྲུང་འཛིན་དང་ཆུའི་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་སུ་མིག་སྔར་དབུལ་ཕོངས་སྡེ་བ་ཉིས་བརྒྱ་ང་ལྔ་དང་དབུལ་ཕོངས་མི་གྲངས་འབུམ་གཅིག་ཁྲི་བཞི་སྟོང་དྲུག་ལ་ཐད་ཀར་ཕན་ཁེ་ཐོབ། ཞིང་ཆེན་ས་ཆུ་སྲུང་འཛིན་ཅུའི་ཅུས་ཀྲང་ཏེང་ཧྲིན་གྱིས་བཤད་རྒྱུར། ད་ལྟ་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ཉི་ཤུ་ཡས་མས་སུ་འཕར་སྣོན་བྱུང་བ་དང་། ས་ཞིང་བེད་སྤྱོད་ཀྱི་ཚད་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་བདུན་ཅུའི་ཡན་དུ་ཇེ་མཐོར་སོང་ཞིང་། ཞིང་ཆེན་ཡོངས་སུ་བཞུར་རྒྱུན་ཆུང་བ་དང་སྐྱེ་ཁམས་ཡུལ་སྐོར། དབུལ་ཐར་མཁྲེགས་གཏོར། འདེབས་འཛུགས་གསོ་སྤེལ་སོགས་དཔེ་མཚོན་གྱི་བཞུར་རྒྱུན་ཆུང་བའི་སྤུས་ལེགས་བཟོ་སྐྲུན་སྐོར་ཞིག་འཛུགས་སྐྲུན་བྱས། ཡིན་ནའང་། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་འགན་སྲུང་བྱེད་ན། ངེས་པར་དུ་ཤུགས་ཆེན་པོས་རྒྱལ་ཁོངས་ལྗང་བསྒྱུར་དང་རྨོ་སྐྱུར་ནགས་སྐྲུན། ཕྱུགས་སྐྱུར་རྩྭ་འདེབས། རྩྭ་ས་བཅོས་སྐྱོང་། ས་ཆུ་སྲུང་འཛིན། སྐྱེ་ཁམས་སླར་གསོ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་དགོས་པ་རེད་ཟེར།

ངེས་པར་དུ་ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་དང་། ཤུགས་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ཏེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བཀོད་འདོམས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བའི་ཕྱོགས་སུ་བསྐྱོད་དགོས།

སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་ཐུན་མོང་གི་ཚེ་སྲོག་ཕུང་བོ་ཡིན་པའི་དགོངས་པ་ནན་ཏན་སྒོས་ལག་ལེན་བྱེད་པ་དེ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་མ་བྱེད་པར་འཚམ་པའི་འཕེལ་རྒྱས་འཐབ་ཇུས་ཡིན་པ་རེད། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་ཐུབ།

ད་ལོའི་ཟླ་བདུན་པར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་པ་དང་། ཞིང་ཆེན་ཏང་ཨུས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་པར་མ་ཟད། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བཀོད་འདོམས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བའི་ཕྱོགས་སུ་བསྐྱོད་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ལས། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཡང་བསྐྱར་རིམ་གྲས་གསར་བ་ཞིག་ཏུ་འཕར་ཏེ་ས་ཆུ་སྲུང་འཛིན་གྱི་བྱ་བའི་གལ་ཆེའི་རང་བཞིན་སྔར་ལས་མངོན་གསལ་དུ་གྱུར་བ་མཚོན།

མི་དང་རང་བྱུང་ཁམས་ནི་ཐུན་མོང་གི་ཚེ་སྲོག་ཕུང་བོ་ཡིན་ལ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སེམས་སུ་ཟུག་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བང་ཅན་ཅོན་གྱིས་བཤད་རྒྱུར། མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། ང་ཚོས་ཞིང་ཆེན་གྱི་དོན་དངོས་ལ་དམ་པོར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གཅིག་ལྕོགས་སུ་འཁུར་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་བཟང་དུ་གཏོང་བ་ལས་ཇེ་ཞན་དུ་མི་གཏོང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས་ལ། མཚོ་སྔོན་དུ་བྱ་བ་སྒྲུབ་ན། སྐྱེ་ཁམས་དམ་འཛིན་མི་བྱེད་པ་ནི་འགལ་འཛོལ་ཡིན་པ་དང་། སྐྱེ་ཁམས་དམ་འཛིན་ལེགས་པོ་མི་བྱེད་པ་ནི་འགན་མི་ཐེག་པ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། བྱ་བ་ཡོད་ཚད་ལས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

ས་ཆུ་ཤོར་བ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཆེན་པོ་ཞིག་རེད། རྩ་བའི་ཆ་ནས་ས་ཆུ་ཤོར་བ་བཅོས་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད། 2006ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་ཁྱོན་ཡོངས་ནས་མེད་པར་བཟོས། 2017ལོ་ནས་བཟུང་། མཚོ་སྔོན་པོའི་ལྗོངས་ཁུལ་ཁག་གཅིག་དང་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་ལ་སྲུང་སྐྱོབ་རང་བཞིན་གྱི་བཀག་སྡོམ་བྱས།  ད་ལོའི་ལོ་འགོར། བྱེད་ནུས་ཁུལ་དང་ཟུང་འབྲེལ་བྱས་ཐོག་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ་གཙོ་བོ་ཡོད་སའི་རྫོང་8དང་གཙོ་གནད་སྐྱེ་ཁམས་རྫོང20ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དང་། བཟོ་ལས་འཕར་སྣོན་རིན་ཐང་། གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་4མེད་པར་བཟོས་པ་དང་། ས་གནས་སོ་སོར་ཁྲིད་སྟོན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ལ། ཞིང་ཆེན་ཡོངས་ཀྱི་གསུམ་ཆའི་གཉིས་ཀྱི་རྫོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དོར་ནས་ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་སྤུས་ལེགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས།  མཚོ་སྔོན་གྱིས་མངོན་གསལ་དོད་པོས་སྐྱེ་ཁམས་སྔོན་མ་བྱེད་པའི་འཐབ་ཇུས་གདམ་གསེས་བཀོད་སྒྲིག་བྱས།

མཚོ་སྔོན་གྱིས་སྟོབས་ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ས་ཆུ་སྲུང་འཛིན་བྱ་བར་ཤུགས་སྣོན་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་བྱས་རྗེས་འཇོག་ངེས། མ་འོངས་བའི་འཆར་འགོད་ལྟར། 2020ལོའི་བར་མཚོ་སྔོན་གྱིས་བཞུར་རྒྱུན་ཆུང་བ་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་ལྔ་བརྒྱ་དང་གཟར་ཞིང་སྤྱི་ཆིང་ཁྲི་གཅིག་སྟོང་གསུམ་སུམ་བརྒྱ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཡིན་པ་དང་། 2030ལོའི་བར་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ལྔའི་ཡན་བཅོས་སྐྱོང་བྱེད་རྒྱུ་རེད།

ལོ་ཙཱ་བ།སྒྲོལ་མ་སྐྱིད།