གཙང་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་ལས་གནས་དཔང་ཡིག་སྤྲད་པ།
2018.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྩ་འཛུགས་ཀྱིས་ཞང་དང་གྲོང་བརྡལ་གྱི་ལྟ་སྲུང་ས་ཚིགས་དང་སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག  ལྟ་སྲུང་ཡན་ལག་རུ་ཁག་ཆུང་བ་བཅས་རྩ་འཛུགས་བྱས་ཏེ་ཁྱོན་བསྡོམས་མི་གྲངས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་དཔང་ཡིག་སྤྲད་པས། འབྲོག་པ་མང་ཚོགས་རྣམས་རྩྭ་ས་བེད་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཏེ། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས།

མཚོ་ངོས་ལས་མུས་བཞི་སྟོང་ལྷག་ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་མགོ་ཁུངས་སྤྱི་གླིང་ས་ཁུལ་གྱི་རུ་དཔོན་དབང་ཕྱུག་གིས་ཉིན་རྒྱུན་དུ་སྐྱེ་ཁམས་ལྟ་སྲུང་པའི་སྣེ་ཁྲིད་དེ་འཕྲུལ་རྟར་ཞོན་ནས་རྩྭ་ཐང་ལ་སྐོར་ཞིབ་སྲུང་སྐྱོབ་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། “ སྐྱེ་ཁམས་ལྟ་སྲུང་རུ་ཁག་ལ་ཞུགས་རྗེས། སྲིད་གཞུང་གིས་ཟླ་རེར་ཟླ་ཕོགས་དུས་ལྟར་སྟེར་བཞིན་ཡོད་པས། རྩྭ་སར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཀྱང་སྔར་ལས་ཇེ་དྲག་ཏུ་གྱུར”ཟེར། སྐྱེ་ཁམས་ལྟ་སྲུང་པའི་ལས་རྐང་འདི་ནི་ཁོར་མཚོན་ན་རང་གི་གཟི་བརྗིད་ཅིག་ཏུ་བརྩིས་ཡོད། དབང་ཕྱུག་གིས་མུ་མཐུད་དུ་བཤད་རྒྱུར། སྔོན་ཆད་དང་བསྡུར་ན་ད་ལྟ་སྐོར་ཞིབ་ལྟ་སྲུང་གི་ཐེངས་གྲངས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། སྔོན་ཆད་ཀྱི་སྐོར་ཞིབ་ལྟ་སྲུང་གི་ཁྱབ་ཁོངས་དེ་ཡང་རི་བོ་དང་ཆུ་བོ། ནགས་ཚལ། གཙང་བོ་སོགས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་ཡོད་ཟེར།

དབང་ཕྱུག་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་པ་ཞིག་ཡིན་ལ།  རེ་འདུན་ཞུས་པ་བརྒྱུད་ཁོ་རང་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར།  ཁོ་རང་སྐྱེ་ཁམས་ལྟ་སྲུང་རུ་ཁག་གི་ཁོངས་མིར་གྱུར་བ་ནས་བཟུང་།  ཧུར་ཐག་གིས་རྒྱལ་ཁབ་ཀྱི་ཕྱུགས་སྐྱུར་རྩྭ་འདེབས་སྲིད་ཇུས་ཀྱི་འབོད་སྐུལ་དང་དུ་བླངས་ཏེ་མུ་མཐུད་དུ་རང་ཁྱིམ་གྱི་ནོར་ལུག་ཇེ་ཉུང་ལ་བཏང་ནས་རྩྭ་ས་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་ཕུལ།

མིག་སྔར། གཙང་གསུམ་འབྱུང་ཡུལ་དུ་དབུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་བཞི་ཡོད་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁྱབ་ཁོངས་ཁྲོད་ཀྱི་མི་གྲངས་ཁྲི་དྲུག་དང་སྟོང་ལྔ་ཡི་ཁྲོད་ནས་མི་གྲངས་ཁྲི་གཉིས་དང་སྟོང་བཞི་ལྷག་ནི་དབུལ་ཕོངས་མི་གྲངས་ཡིན་པ་རེད།  ཕྱུགས་རིགས་ཇེ་ཉུང་དུ་བཏང་རྗེས་ཀྱི་འབྲོག་པ་མང་ཚོགས་རྣམས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་ཁྲོད་ཞུགས་སུ་བཅུག་སྟེ། ཁོ་ཚོར་དེའི་ཁྲོད་ནས་ཁེ་སྤོགས་ཐོབ་པ་དང་དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་ཇི་ལྟར་ཁྲིད་སྟོན་བྱེད་རྒྱུ་དེ་ནི། རང་ཞིང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་གསར་འཛུགས་བྱས་རྗེས། སྔར་ཡོད་ཀྱི་ནགས་ཚལ་དང་བརླན་ས་སྣ་གཅིག་གི་སྐྱེ་ཁམས་ལྟ་སྲུང་པའི་ལས་རྐང་སྟོང་གཉིས་ལྔ་བརྒྱ་ང་བཞི་ཡོད་པའི་རྨང་གཞིའི་སྟེང་། གནད་ཕིགས་དབུལ་སྐྱོར་གྱི་རྩ་དོན་ལྟར། ཐོག་མར་སྤྱི་གླིང་ས་ཁུལ་ནང་གི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ནས་འགོ་བརྩམས་ཏེ་ད་ལྟ་ཁྱོན་བསྡོམས་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་དཔང་ཡིག་ཅན་གྱི་མི་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་ཟླ་རེར་གླ་ཕོགས་དུས་ལྟར་བྱིན་ནས་འགུལ་རྣམ་དོ་དམ་མངོན་འགྱུར་བྱས།  ལོ་ངོ་གསུམ་གྱི་རིང་ལ་ཞིང་ཆེན་ནོར་སྲིད་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་བཞི་བྱེ་བ་ལྔ་བཏང་ཞིང་ཁྱིམ་ཚང་རེ་རེ་ཡི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་འཕར་སྣོན་བྱུང་། དེ་དང་ཆབས་ཅིག རི་བོ་དང་ཆུ་བོ། ནགས་ཚལ། རྩྭ་ས། གཙང་བོ་སོགས་ལ་རྩ་འཛུགས་ཅན་གྱི་དོ་དམ་དང་། དྲ་ཚིགས་ཅན་གྱི་སྐོར་ཞིབ་བྱེད་པར་སྐུལ་འདེད་བཏང་ཞིང་། ཞང་དང་གྲོང་བརྡལ་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་དང་སྡེ་བ་རིམ་པའི་དོ་དམ་སྲུང་སྐྱོབ་རུ་ཁག  དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཁག་ཆུང་བ་སོགས་རྩ་འཛུགས་བྱས་ཏེ་རྒྱང་ཐག་རིང་བོའི་མཚམས་སུ་དོ་དམ་སྲུང་སྐྱོབ་ཀྱི་མ་ལག་སྒྲིག་འཛུགས་བྱས་པས། འབྲོག་པ་མང་ཚོགས་རྣམས་རིམ་བཞིན་རྩྭ་ས་བེད་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཏེ། མིའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་ཕྱུག་འགྱུར་ནུས་ཤུགས་ཇེ་དྲག་ཏུ་གཏོང་ཆེད། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་གནད་ཕིགས་དབུལ་ཐར་དང་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། འབྲོག་པ་མང་ཚོགས་ཟབ་ཞུགས་བྱས་ཏེ་ཕྱུག་འགྱུར་དང་ལས་རྐང་གཞན་བསྒྱུར། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། འབྲོག་པ་མང་ཚོགས་ཧུར་ཐག་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་འདེད་བྱས། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་གི་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གྱི་ངལ་རྩོལ་ལས་དོན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ། འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་དོ་དམ་ཁྲོད་ནས་གཏན་འཇགས་ཀྱི་ཡོང་སྒོ་འཐོབ་པར་བྱེད་དགོས་ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད།