རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གསའ་ཡི་གྲངས་ཀ་ཧ་ལམ་སྟོང་ལས་བརྒལ་ཡོད་པ།
2018.10.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 40

 ཉེ་ལམ།  གསར་འགོད་པས“གསའ་དང་མཉམ་དུ་བསྐྱོད”ཅེས་པའི་རྒྱལ་སྤྱིའི་གསའ་དང་གཟིག་ཞིབ་འཇུག་དང་སྲུང་སྐྱོབ་གླེང་སྟེགས་ནས་ཤེས་གསལ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཆགས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཁོངས་ཡོངས་ལ་གཞིགས་ནས་ཚོད་དཔག་བྱས་ན།  མིག་སྔར་གསའ་ཡི་ཁ་གྲངས་དེ་ཧ་ལམ་སྟོང་ལས་བརྒལ་ཡོད་ལ། དེར་ལས་རིགས་སྤྱི་ནས་འཛམ་གླིང་གི་གསའ་འདུས་སྡོད་ཀྱི་མངའ་ཁོངས་ཆེ་ཤོས་གྲས་ཀྱི་གཅིག་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད།  འབྲེལ་ཡོད་ཞིབ་འཇུག་ལས། གསའ་དེ་དག་བྱང་ཐང་སོགས་ས་ཁུལ་དུ་འགྲོ་འོང་མང་བ་གསལ་པོར་རྟོགས།

པེ་ཅིན་སློབ་ཆེན་གྱི་སྐྱེ་དངོས་སྲུང་སྐྱོབ་རིག་པའི་དགེ་རྒན་ཆེན་མོ། པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་སྲོལ་བཏོད་མཁན་ལུའུ་ཀྲི་ཡིས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་རྒྱུ་བའི་གསའ་རིགས་ལ་ལྟ་སྐུལ་ཚད་ལེན་བྱེད་པའི་བྱ་བ་དེ2011ལོ་ནས་བཟུང་འགོ་བརྩམས་པ་ཡིན་ཞིང་། ལོ་བདུན་གྱི་ཚུན་ལ། ཚན་རིག་ཞིབ་འཇུག་པས་དམར་ཕྱི་འོད་ཀྱི་པར་ཆས་ལ་བརྟེན་ནས་གསའ་ཡི་སྐོར་གྱི་བརྙན་པར་ཁྲི་ལྔ་ལྷག་བླངས་ཡོད་པ་དང་། ལྟ་སྐུལ་ཚད་ལེན་མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་དེ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་སྟོང་ལྔ་ལས་བརྒལ་ཡོད་པས། པར་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་རེད་ཟེར།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་ལྟ་བུར་མཚོན་ན། ཁྱུ་རུ་གྲུབ་པའི་གྲངས་འབོར་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་གསའ་དང་གཟིག་གི་འཚོ་སྡོད་བྱེད་ས་ཕན་ཚུན་འདྲེས་ནས་ཡོད་པ་དང་། གཞན་སྣོད་བཅུད་མ་ལག་གི་ཁོར་ཡུག་ཅུང་དོག་པའི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨ་མྱེས་རྨ་ཆེན་གངས་རིའི་མཐའ་འཁོར་ཏུ། ཚན་རིག་ཞིབ་འཇུག་པས་གསའ་ཡི་རྐང་རྗེས་མཐོང་ནས་ཉེ་བའི་ལོ་གཉིས་ནང་བརྙན་པར་ལྔ་བརྒྱ་ལྷག་བླངས་ཡོད་པ་རེད།

ཉེ་ལམ། ཚན་རིག་ཞིབ་འཇུག་པས་བརྙན་པར་དེ་དག་དཀྱུས་གཅིག་ཏུ་དྲིལ་ནས་དབྱེ་ཞིབ་བྱས་རྗེས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གསའ་འཚོ་སའི་ཁྱབ་ཁོངས་ཀྱི་ཆ་སྙོམས་འདུས་ཚད་ག་འདྲ་ཡིན་པ་ཐོག་མར་ངེས་ཟིན་བྱུང་བ་དང་། འབྲེལ་ཡོད་ཀྱི་འདྲ་དཔེ་གཞིར་བཟུང་ནས་རྩིས་དཔག་བྱས་ན།  མངའ་ཁོངས་དེར་གསའ་ཧ་ལམ་སྟོང་ཡན་ཡོད་སྲིད་ཟེར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མངའ་ཁོངས་ཕུད།  རང་རྒྱལ་གྱི་མངའ་ཁོངས་གཞན་དག་དང་རང་བྱུང་སྲུང་སྐྱོང་ཁུལ་བཅས་སུ་ཡང་ཉེ་བའི་ལོ་ཚུན་ལ་གསའ་མང་པོ་རྒྱུ་བའི་དངོས་བཤུས་ཟིན་ཐོ་མང་པོ་ཡོད་པ་རེད།  “ངམ་ཐང་ཞིན་ཅང”ཞེས་པའི་གསའ་ཡི་ལས་གཞི་ཚན་ཆུང་གི་འགན་འཁུར་པ་ཡན་རུའེ་ཡིས་བཤད་རྒྱུར།  2014ལོ་ནས2018ལོའི་བར་དུ།  དམངས་ཁྲོད་སྣོད་བཅུད་ཚན་ཆུང་དེས་ཞིན་ཅང་ནགས་ལས་སྡེ་ཁག་གི་རྒྱབ་སྐྱོར་འོག་ཏུ་བུའུ་ལི་མུ་ཆི་ཉེ་འཁོར་དུ་གསའ་རྟོག་ཞིབ་ཀྱི་བྱ་འགུལ་སྤེལ་བ་དང་། ད་ལྟའི་བར་དུ་ཟིན་ཐོར་བཀོད་པའི་གསའ་ཡི་གྲངས་ཀ60ལྷག་ཡོད་པ་རེད།  ཞིབ་འཇུག་རིམ་བཞིན་གཏིང་ཟབ་ཏུ་སོང་བ་དང་བསྟུན།  ཁོ་ཚོས་ས་དེའི་གསའ་ལ་གཏན་འཇགས་ཀྱི་རིགས་རྒྱུད་འབྲེལ་བ་ཡོད་པ་མ་ཟད།  དབྱར་དགུན་སོ་སོར་གཏན་ཁེལ་གྱི་ཁ་ཟས་རི་དྭགས་གསོད་ཡུལ་ཡོད་པ་ཤེས་རྟོགས་བྱུང་ཟེར།

རྒྱལ་སྤྱིའི་རི་སྐྱེས་སྐྱེ་དངོས་སྲུང་སྐྱོབ་སློབ་ཚོགས་ཀྱི་གསའ་ཡི་ལས་གཞིའི་དཔོན་རིགས་ཏིན་ཞའོ་ཞིང་གིས་བཤད་རྒྱུར།  ཉེ་བའི་ལོ་འདི་འགར་སྣོད་བཅུད་ཚོགས་པ་དེ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་སུ་པར་ཆས260བཀོལ་ཏེ། གསའ་དང་འབྲེལ་བའི་བརྙན་པར་མང་པོ་བླངས་ཡོད་པ་རེད།  དེ་ལས་ལྟ་སྐུལ་ཚད་ལེན་མངའ་ཁོངས་ཀྱི་གསའ་ཡི་འདུས་ཚད་དེ་སྤྱི་ལེ་གྲུ་བཞི་མ་བརྒྱ་རེའི་ནང་གསའ3ཡས་མས་ཡོད་པ་ཐོག་མར་ཤེས་བྱུང་ལ།  འབྲེལ་ཡོད་ས་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད་པ་ར་སྤྲོད་བྱུང་ཡོད་ཟེར།

གཞན་ཡང་།  ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྨུག་པ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་ཉེ་འགྲམ་དུ།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁང་གི་ལས་བཟོ་བ40ལས་གྲུབ་པའི་རི་དྭགས་གཙོད་སྲུང་སྐྱོབ་རུ་ཁག་གི་དར་ཆ་བསྒྲེངས་པ་དེས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་དྭགས་གཙོད་སྲུང་སྐྱོབ་རུ་ཁག་བཙུགས་པའི་རྟགས་མཚན་ཞིག་ཡིན།  ཁོ་ཚོས་ཐག་རིང་པོ་ནས་ལི་ཁྲི་རྩྭ་ཐང་གི་གཙོད་སྲུང་སྐྱེལ་བྱས་ཏེ།  ལོ་རེ་བཞིན“གཙོད་ཕྲུག་རྩེབ་སའི”ཨ་ཆེན་གངས་རྒྱབ་ཀྱི་ཅོ་ནེ་མཚོ་ཡི་བར་དུ་བདེ་འཇགས་ཀྱིས་འགྲོ་འོང་བྱེད་དུ་འཇུག་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།   ལོ་རེ་བཞིན་རི་དྭགས་གཙོད་ཁྲི་ཕྲག་མང་པོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ལེབ་ཞང་ལི་ཁྲི་སྡེ་བའི་ཉེ་འགྲམ་གྱི་ལི་ཁྲི་རྩྭ་ཐང་དུ་འཚོ་སྡོད་བྱེད་བཞིན་ཡོད།    ད་ལོའི་ཟླ5པར།  རྩེབ་རྒྱུ་ཡོད་པའི་གཙོད་མང་པོ་ཕྱོགས་གཅིག་ཏུ་འདུས་ཏེ།  བྱང་ཕྱོགས་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་བསྐྱོད་བཞིན་ཡོད།    བདེ་བླག་ངང་གཙོད་ཕྲུག་རྩེབ་སར་བསླེབས་ཆེད།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁང་གིས། རི་དྭགས་གཙོད་གནས་སྤོར་སྲུང་སྐྱོབ་བྱེད་པའི་རུ་ཁག་བཙུགས་ཏེ། གཙོད་ཁྱུ་དང་འགྲོགས་ནས་གནས་སྤོ་ས་ཚིགས་བྱང་ཕྱོགས་ཀྱི་ཨ་ཆེན་གངས་རྒྱབ་དུ་སྲུང་སྐྱེལ་བྱ་རྒྱུ་ཐག་བཅད།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁང་གིས།  ཕུལ་དུ་བྱུང་པའི་སྐྱེ་ཁམས་ལྟ་སྲུང་པ40ཚན་ཆུང4རུ་བགོས་ཏེ།  སོ་སོར་ལི་ཁྲི་རྩྭ་ཐང་ནས་མཚོ་བོད་ལམ་ཐིག་བར་གྱི་སྤྱི་ལེ260ལྷག་ལ་གཙོད་སྲུང་སྐྱོབ་བྱེད་པའི་ལས་འགན་ལག་བསྟར་བྱས།

གཙོད་ཁྱུའི་གནོད་པ་ཇེ་ཉུང་ལ་གཏང་ཆེད།   སྲུང་སྐྱོབ་རུ་ཁག་གིས་འགྲིམ་འགྲུལ་སྟབས་བདེ་མིན་པའི་གནས་ཚུལ་འོག     འཕྲུལ་རྟ་དང་སྐྱ་མི་རུ་ཁག་གིས་སྲུང་སྐྱོབ་བྱ་རྒྱུ་དང་། ཟླ་གཅིག་གི་དུས་ཚོད་བེད་སྤྱད་ནས།   ལི་ཁྲི་རྩྭ་ཐང་ན་འཚོ་སྡོད་བྱེད་པའི་གཙོད་སྤྱི་ལེ260ལས་བརྒལ་བའི་མཚོ་བོད་གཞུང་ལམ་དུ་བསྐྱལ་རྗེས།  ཕྱིར་ཨ་ཆེན་གངས་རྒྱབ་དུ་སོང་ནས་གཙོད་ཕྲུག་རྩེབ་རྗེས་སྲུང་སྐྱེལ་བྱེད་རྒྱུ་དང་།   དེའི་བར་དུ་སྐྱེ་ཁམས་ལྟ་སྲུང་པས་གནས་སྤོ་ཉིན་ཐོའི་ཟིན་བྲིས་འབྲི་དགོས་ལ།      གཙོད་དང་གཙོད་ཕྲུག་གི་གསོན་ཚད་ཐོ་འགོད་བྱས་ཏེ།  གཞི་རྩའི་གཞི་གྲངས་མཛོད་འཛུགས་རྒྱུ་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   སྲུང་སྐྱོབ་ཚད་གཞི་སྔར་ལས་ཇེ་མཐོར་གཏོང་ཆེད།  སྲུང་སྐྱོབ་རུ་ཁག་གིས་འབྲེལ་ཡོད་ཟིན་ཐོ་ལྟ་ཞིབ་དཔྱད་ཆས་གནས་སྤོ་གནས་ཚུལ་གྱི་ཆེད་མཁས་པ་གདན་ཞུ་དང་གསོ་སྦྱོང་བྱས་ནས།   སྲུང་སྐྱོབ་རུ་ཁག་གིས་གཙོད་ཀྱི་གོམས་གཤིས་དང་རྨས་སྐྱོན་སྣ་ཚོགས་འཕྲལ་བསྟུན་ཐག་གཅོད་བྱེད་པའི་བྱེད་ཐབས་ཁོང་དུ་ཆུད་པར་བྱས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།