མཚོ་སྔོན་གྱི་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་ཚད་བདེ་བླག་ཡིན་པ།
2018.10.15 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

 ཉེ་ལམ། གསར་འགོད་པས་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་ལག་བསྟར། ལག་རྩལ་མཛུབ་སྟོན་ལ་ཤུགས་སྣོན་པ་དང་འཛུགས་སྐྲུན་གྱི་རྒྱུ་སྤུས་དམ་འཛིན་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། དངོས་འབེབས་བྱས་པའི་རྨོ་བསྐྱུར་རྩྭ་འདེབས་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཀྱི་བཟོ་སྐྲུན་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པ། མདོ་ལ་རིང་མོ་སྲུང་སྐྱོབ་སོགས་ཀྱི་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་ཚད་བདེ་བླག་ཡིན་པས།  སྔོན་དཔག་གི་འཕེལ་ཚད་ལྟར་འཛུགས་སྐྲུན་བྱེད་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། 2018ལོའི་རྨོ་བསྐྱུར་རྩྭ་འདེབས་དང་གཙང་གསུམ་འབྱུང་ཡུལ། མདོ་ལ་རིང་མོ་སོགས་ཀྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འཛུགས་སྐྲུན་གལ་ཆེན་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་དང་བྱེ་བ་གཅིག་ས་ཡ་དྲུག་བཏང་། འཛུགས་སྐྲུན་ལས་འགན་ནི་ལྕགས་དྲ་སྤྱི་ཆིང་འབུམ་བདུན་བསྐོར་བ་དང་།  གཟན་རྩྭ་སྤྱི་ཆིང་ཁྲི་གཅིག་ལྷག་འདེབས་པ། ས་ནག་ཐང་སྤྱི་ཆིང་འབུམ་གཅིག་ཁྲི་དྲུག་ལྷག་བཅོས་སྐྱོང་བྱེད་པ། སྤྱི་ཆིང་སྟོང་དྲུག་བདུན་བརྒྱའི་སྟེང་གསབ་འདེབས་ལེགས་བཅོས་བྱེད་པ། དུག་རྩྭ་སྤྱི་ཆིང་ཁྲི་བརྒྱད་སྟོང་དྲུག་འགོག་བཅོས་བྱེད་པ། འཛུགས་སྐྲུན་རང་བཞིན་གྱི་ཕྱུགས་ཁང་སྟོང་གསུམ་ལས་རྒྱུ་བཅས་རེད།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ས་ནག་ཐང་སྤྱི་ཆིང་འབུམ་གཅིག་སྟོང་གཉིས་ལྔ་བརྒྱ་བཅོས་སྐྱོང་བྱས་པ་དང་རྩྭ་ས་སྤྱི་ཆིང་འབུམ་ལྔ་ཁྲི་གཉིས་སྟོང་དྲུག་ལ་ལྕགས་དྲ་བསྐོར་བ།  གཟན་རྩྭ་སྤྱི་ཆིང་སྟོང་དགུ་དྲུག་བརྒྱ་བཏབ་པ། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་སྟོང་དྲུག་བདུན་བརྒྱ་ལེགས་བཅོས་བྱས་པ། དུག་རྩྭ་སྤྱི་ཆིང་ཁྲི་ལྔ་སྟོང་དྲུག་འགོག་བཅོས་བྱས་པ། ཕྱུགས་ཁང་སྟོང་གཉིས་དང་ཆིག་བརྒྱ་འཛུགས་སྐྲུན་བྱས། སྔོན་དཔག་ལྟར་ན་ཟླ9པའི་ཟླ་མཇུག་བར་དུ་འཛུགས་སྐྲུན་གྱི་ལས་འགན་ཚང་མ་ཡོངས་འགྲུབ་བྱེད་ཐུབ།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཝང་ཡུས་ཧུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྣ་ཚོགས་ལག་བསྟར་བྱས་པ་བརྒྱུད་ནས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ནས་ཇེ་བཟང་དུ་གྱུར། ལོ་ངོ་མང་པོར་སྔོ་ཁེབས་ཀྱི་ཚད་མངོན་གསལ་གྱིས་ཇེ་མཐོ་དང་རྩྭ་སའི་ཕྱུགས་ཀྱི་གནོན་ཤུགས་མངོན་གསལ་གྱིས་ཇེ་ཞན་དུ་གྱུར་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཇེ་མང་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་གསལ་རེད།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། རྨོ་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ཁུལ་གྱི་ཕྱི་ནང་གི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་དང་རྩྭའི་ཐོན་ཚད་ཀྱི་བསྡུར་ཚད་མངོན་གསལ་རེད། འཕར་ཚད་སོ་སོར7.86%དང་མུའུ་རེའི་ནང་སྤྱི་རྒྱ57རེད། གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་ནང་ཁུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་74.2%ནས77%དུ་ཇེ་མཐོར་སོང་བ་དང་། རྩྭའི་ཐོན་ཚད་སྤྱི་རྒྱ་ཆིག་བརྒྱ་དོན་ལྔ་ལྷག་ནས་སྤྱི་རྒྱ་ཉིས་བརྒྱ་བཅུ་བདུན་ལྷག་ཏུ་འཕར་བ་དང་། མུའུ་རེའི་སྟེང་སྤྱི་རྒྱ42.30རེ་འཕར་ཡོད། མཚོ་སྔོན་པོའིུ་ཆུ་ཁུངས་སོ་སོའི་རྩྭ་སའི་ཁེབས་ཚད2011ལོའི55%ནས68%དུ་འཕར་བ་དང་། མུའུ་རེའི་རྩྭའི་ཐོན་ཚད་སྤྱི་རྒྱ་ཆིག་བརྒྱ་གོ་དྲུག་ལྷག་ནས་སྤྱི་རྒྱ་ཉིས་བརྒྱ་ལྷག་ཏུ་འཕར་ཡོད་པས་རྩྭ་སའི་ཕྱོགས་བསྡུས་བྱེད་ནུས་སླར་གསོ་བྱུང་བ་མངོན་གསལ་རེད།

སྐྱེ་ཁམས་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་པའི་དབང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཆུ་ཁུངས་གསོག་འཇོག་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་། གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ལས་ཤེས་པ་ལྟར་ན། ད་ལོར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུ་ཁུངས་གསོག་འཇོག་གི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར84ཇེ་མང་དུ་སོང་བ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104ཇེ་མང་དུ་སོང་། རྩྭ་སའི་སྐྱེ་ཁམས་མ་ལག་གི་ཆུ་ཁོངས་གསོག་འཇོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཉེར་བརྒྱད་ལྷག་ཏུ་འཕར་བ་དང་། གཙང་གསུམ་འབྱུང་ཡུལ་དུ་མཚེའུ་སྟོང་གི་མཛེས་སྡུག་ཡང་བསྐྱར་མངོན། དུས་མཚུངས་སུ། མཚོ་སྔོན་པོའི་ཆུ་བསྟུད་མར་ལོ9ལ་ཡར་འཕར་ནས་ཡང་བསྐྱར་ལོ་ངོ40སྔོན་གྱི་སྣང་ཚུལ་བྱུང་། ཧར་དགེ་ཆུ་བོ་དང་འོམ་ཆུ། ཁྱོན་རྒྱས་ཆུ་བོ་སོགས་མཚོ་སྔོན་པོར་འབབ་པའི་བཞུར་རྒྱུན་ཚང་མའི་ནང་དུ་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་མོ་ཡིན་པའི་ལྟད་མོ་ངོ་མཚར་བྱུང་།

གཞན་ཡང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་ཉེ་ལམ་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཕྱུགས་ལས་ཁྱབ་ཁོངས་སུ་གནད་འགག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཕྱོགས་བསྡུས་གསར་གཏོད་བྱས་ཏེ། མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཕྱུགས་ལས་བདག་གཉེར་བྱེད་སྟངས་དང་ལག་རྩལ་མ་ལག་བསྐྲུན།

མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། རོང་འབྲོག་ཁུལ་གྱི་ཞིང་སྡེ་དར་སྤེལ་གཏོང་བའི་ཁྲོད་གནས་པའི་ཚན་རྩལ་གྱི་དགོས་མཁོ་གལ་ཆེན་འགར་དམིགས་ཏེ། ཞིང་ཆེན་ཚན་རྩལ་ཐིན་གྱིས“མདོ་དབུས་མཐོ་སྒང་གི་དེང་རབས་རྩྭ་སའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་དཔེ་དབྱིབས་དཔེ་སྟོན”གྱི་གལ་ཆེའི་ཚན་རྩལ་ཆེད་དམིགས་རྣམ་གྲངས་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ལྡན་རྩྭ་ས་བསྐྲུན་པ་དང་། ཙོང་ཆུ་དང་མདོ་ལ་རིང་མོའི་སྐྱེ་ཁམས་རྩྭ་ས། མཚོ་སྔོན་པོའི་རོལ་མྱོང་རྩྭ་ས། ཚྭ་འདམ་གཞོང་སྤང་ལྗོངས་བཅས་དཔེ་མཚོན་སྐྱེ་ཁམས་ཁུལ་མི་འདྲ་བ་ལྔའི་ཚན་རྩལ་དཔེ་སྟོན་རྩྭ་ས་བསྐྲུན་པ་བརྒྱུད། ཁྱད་ལྡན་ཕྱུགས་ལས་ལ་འཕེལ་རྒྱས་མངོན་འགྱུར་བྱུང་སྟེ། དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱིས་བཏོན་པའི“ཐོན་སྐྱེད་ལས་ཆོད་མཐོ་བ། ལྗང་མདོག་འཕེལ་རྒྱས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་འཆམ་མཐུན”གྱི་དམིགས་ཚད་ལ་སླེབས་པ་དང་། མཚོ་སྔོན་གྱི་སྲོལ་རྒྱུན་ཕྱུགས་ལས་རིགས་སྒྱུར་རིམ་འཕར་ཐད་ཚན་རྩལ་གྱི་གཞོགས་འདེགས་དང་དཔེ་དབྱིབས་འདོན་སྤྲོད་བྱས།

“མདོ་དབུས་མཐོ་སྒང་གི་དེང་རབས་རྩྭ་སའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་དཔེ་དབྱིབས་དཔེ་སྟོན”གྱི་གལ་ཆེའི་ཚན་རྩལ་ཆེད་དམིགས་རྣམ་གྲངས་དག  གཙོ་བོ་སྤུས་ལེགས་གཟན་རྩྭ་མཁོ་སྤྲོད་དང་གནད་འགག་ལག་རྩལ་གནད་ཁེལ་གྱིས་བཀོལ་སྤྱོད་བྱེད་པ། ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་ལག་རྩལ། དེང་རབས་རྩྭ་སའི་ཐོན་ཁུངས་དོ་དམ་དང་བདག་གཉེར་མ་ལག་འཛུགས་པ། རྩྭ་ཕྱུགས་ཐོན་སྐྱེད་དང་བརྒྱུད་རིམ་ཧྲིལ་པོར་སྐུལ་འདེད་ཀྱི་གཞི་གྲངས་འཚོལ་སྡུད་བྱེད་པ། དཔེ་མཚོན་དང་ཁྱད་ལྡན་གྱི་དེང་རབས་ཕྱུགས་ལས་ཀྱི་དཔེ་དབྱིབས་དཔེ་སྟོན་བཅས་ཕྱོགས་ལྔ་ནས་དབྱེ་ཞིབ་བྱས་ཏེ། རྩྭ་ས་འཛུགས་གྲབས་ཡོད་པའི་ས་ཁུལ་གྱི་ཐོན་ཁུངས་ཀྱི་བར་ཁྱད་ལྟར། དམིགས་གཏད་རང་བཞིན་གྱི་རང་བྱུང་རྩྭ་ས་བཀོལ་སྤྱོད་དང་། མིའི་ཐབས་ཀྱི་རྩྭ་སའི་འདེབས་འཛུགས། སྤུས་ལེགས་གཟན་རྩྭ་ལས་སྣོན། སྒོ་ཕྱུགས་གསོ་སྤེལ་བྱེད་པ། ལྗང་མདོག་ཕྱུགས་ལས་ཐོན་རྫས་ལས་སྣོན། ཐོན་ལས་མུ་འབྲེལ་གྱི་སྐུལ་འདེད་མ་ལག དེང་རབས་བདག་གཉེར་མ་ལག ཐོན་ལས་མཉམ་འདྲེས་སོགས་ཀྱི་ལག་རྩལ་ཕྱོགས་བསྡུས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་དེང་རབས་རྩྭ་ས5བསྐྲུན་ཏེ། དཔེ་དབྱིབས་ས་ཁོངས་ཀྱི་འོས་འཚམ་རང་བཞིན་ལྟར་དཔྱད་འཇོག་དང་བཟོ་བཅོས་བྱས་པས། མཇུག་མཐར་སྐུལ་སྤེལ་བྱེད་ཆོག་ལ་དཔེ་སྟོན་དུ་རུང་བའི་མདོ་དབུས་མཐོ་སྒང་གི་དེང་རབས་རྩྭ་སའི་དཔེ་དབྱིབས་ཆགས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།