ཚན་རིག་ཞིབ་འཇུག་པས་འབྲི་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྒྱ་ཐང་རྩྭ་ཐང་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་སུ་ལྟ་ཞིབ་ཚད་ལེན་བྱས་པ་ལས་ཤེས་གསལ་ལྟར་ན། སྣོད་བཅུད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་ས་ཁོངས་དེར་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་ཀ180ལྷག་ཙམ་ཟིན་ཡོད་པ་རེད།
ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་གྱི་སྲོག་ཆགས་ཡིན་པ་དང་གོ་ལ་ཧྲིལ་པོར་སྔོན་དཔག་བྱས་ན་ད་ཡོད་གྲངས་ཀ་ཁྲི་གཅིག་དང་ཉིས་བརྒྱ་ཡོད་པ་རེད། འདབ་ཆགས་རིགས་དེ་མཚོ་ངོས་ལས་མཐོ་ཚད་མུས་ཉིས་སྟོང་ལྔ་བརྒྱ་ནས་མུས་ལྔ་སྟོང་བར་གྱི་སྤང་ཐང་དང་། བརླན་ས། མཚེའུ་སོགས་ཀྱི་རྒྱུད་དུ་འཚོ་སྡོད་བྱེད་པ་དང་ཁྱུ་ཚོགས་གཙོ་བོ་རང་རྒྱལ་གྱི་མཚོ་སྔོན་དང་བོད་ལྗོངས་སོགས་ཀྱི་ས་ཆར་ཁྱབ་ཡོད་ལ། འཛམ་གླིང་ཐོག་ས་མཐོར་སྐྱེ་འཚར་དང་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་ཉུང་ཤས་ཤིག་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་བར་སྣང་མཐོན་པོར་འཕུར་ཐུབ་པའི་འདབ་ཆགས་ཀྱི་གྲས་ཤིག་ཀྱང་ཡིན་པ་རེད།
ཉེ་བའི་ལོ་གཉིས་ཀྱི་ནང་། ཚན་རིག་ཞིབ་འཇུག་པས་འབྲི་ཆུའི་མགོ་ཁུངས་སུ་་གནས་པའི་རྒྱ་ཐང་རྩྭ་ཐང་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཀྱི་ཁྲུང་ཁྲུང་སྐེ་ནག་ཁྱབ་ཚད་ཅུང་མཐོ་བའི་ས་ཁོངས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། ས་གནས་དེར་ཡུན་རིང་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ180ལྷག་ཙམ་ཡོད་པའི་ཁྲོད། ཁྲུང་ཁྲུང་སྐེ་ནག་ཆ16རྒྱུད་སྤེལ་གྱི་ཚད་ལ་སླེབས་པ་དང་ཆ་སྙོམས་ཆ་རེས་ལོ་རེར་སྒོ་ང2གཏོང་གི་ཡོད།
ཡུན་རིང་གཙང་གསུམ་འབྱུང་ཡུལ་གྱི་རི་ཆུ་ཐང་གསུམ་ལ་རྟོག་ཞིབ་བྱེད་པའི་པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཧན་ཞུའེ་སུང་གིས་བཤད་རྒྱུར། ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་ལོ་རེའི་ཟླ5པའི་ཡས་མས་སུ་མཚོ་བོད་མཐོ་སྒང་སོགས་སུ་སྒོ་ང་ནས་འདོན་གྱི་ཡོད། ཟླ10པའི་ཟླ་མཇུག་ཏུ་ཁྲུང་ཁྲུང་དར་མས་ཁྲུང་ཁྲུང་ཕྲུ་གུ་ཁྲིད་དེ་གནམ་གཤིས་དྲོ་བའི་བོད་ལྗོངས་ལྷོ་རྒྱུད་དང་ཡུན་ནན་སོགས་སུ་དགུན་བརྒལ་དུ་འགྲོ་བཞིན་ཡོད། ད་ཡོད་ཀྱི་འདབ་ཆགས་རིགས་དེའི་ཁྱབ་ཚུལ་ལ་སྔོན་དཔག་བྱས་ན། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་གསུམ་འབྱུང་ཡུལ་གྱི་ཁྲུང་ཁྲུང་སྐེ་ནག་གིས་གྲངས་ཀ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཟིན་ཡོད་ཟེར།
གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་རིན་པོ་མཚོའི་ནང་དུ་ཁྲུང་ཁྲུང་སྐེ་ནག་ཉེར་གཉིས་ཡོད་ཅིང་ད་ལྟ་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཉིས་བརྒྱ་བཅུ་དྲུག་ལ་སླེབས་ཡོད་ཅིང་། སྔར་གྱི་ཁྲུང་ཁྲུང་མགོ་ཁྲ་བརྒྱད་བརྒྱ་ཡོད་པ་མིག་སྔར་ཁྲི་གཅིག་ལྷག་ལ་བུད་ཡོད། ཡུས་ཧྲུའུ་གྲོང་ཁྱེར་དང་སྐྱེ་རྒུ་གྲོང་རྡལ་གཉིས་ཀྱི་མཁའ་དབུགས་གཙང་ཚད་བརྒྱ་ཆའི་གོ་དགུ་ཡན་ལ་སླེབས་ཡོད་ལ། དེ་མིན་ད་དུང་ཡུས་ཧྲུའུ་ཁུལ་མངའ་ཁོངས་ཀྱི་གྲོང་ཁྱེར་དང་རྫོང་དྲུག་གི་རྫོང་མཁར་གནས་སའི་ཐུན་མོང་འཐུང་ཆུའི་སྤུས་ཚད་དམིགས་ཚད་བརྒྱ་ཆའི་བརྒྱ་དང་། ས་ངོས་ཀྱི་ཆུའི་སྤུས་ཚད་དམིགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ཆབ་སྲིད་ཀྱི་འོས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་བླངས་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མགོ་ཁུངས་སུ་གྲགས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་ངོ་དུ་མའི་རིང་ལ། སྐྱེ་ཁམས་ཁུལ་འཛུགས་སྐྲུན་དང་། ལྗང་མདོག་དང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་བྱས་རྗེས་བསྐྲུན་པའི་འདུ་ཤེས་བཅངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འདི་ཉིད་ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་དང་། སྒུལ་ཤུགས་ཆེན་པོ། དམངས་ཚིས་ལེགས་པོ་བཅས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་དང་ཁྱབ་ཆེ་བའི་སྒོ་ནས་རྒྱུན་རྣམ་གསར་བའི་འོག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཕྱོགས་གསར་བ་ལག་བསྟར་དངོས་འབེབས་བྱས་ནས། ཕན་འབྲས་མངོན་གསལ་བླངས། སྐྱེ་ཁམས་དམངས་དམག་དང་སྐྱེ་ཁམས་ལྟ་སྲུང་བ་སོགས་བསྐོ་འཇོག་ལ་བརྟེན་ནས་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་བརྩོན་སེམས་བསྐྱེད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་པར་སྐུལ་འདེད་བཏང་བའི་དུས་མཚུངས་སུ། ཧུར་ཐག་གིས་ས་གནས་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་སྒྲིག་སྲོལ་བཅོས་སྒྱུར་ཁྲོད་ནས་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པར་བྱས་ཏེ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལ་གོ་བ་ཟབ་མོ་འདྲོངས་པར་བྱས།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་དང་པོའི་སྤྱིའི་འཆར་འགོད་ལས་གཞི་ཉེར་གཉིས་ཀྱི་ཁྲོད་དུ། ཡུས་ཧྲུའུ་ཁུལ་གྱིས་ཁྱོན་བསྡོམས་ལས་གཞི་བཅུ་བདུན་ལག་བསྟར་བྱས་ཤིང་། ལག་བསྟར་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་ལ་སླེབས་ཡོད་ཅིང་། དེས་སྤྱིའི་འཆར་འགོད་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་ལྔའི་ཁྲོད་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་གཉིས་པའི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དགུ་སྟོང་བརྒྱད་ཡོད་ཅིང་། དེས་སྐབས་གཉིས་པའི་འཆར་འགོད་རྒྱ་ཁྱོན་གྱི་ཕྱེད་ཀ་ཟིན་ཡོད། ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་དུ་ཡུས་ཧྲུའུ་ཁུལ་ཡོངས་ལ་རྒྱལ་ཁབ་ཀྱིས་དངུལ་གཏོང་དང་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་ལྔ་ལྔ་བཏང་ནས། རི་བཀག་ནགས་འདེབས་དང་བརླན་ས་སྲུང་སྐྱོབ། ས་ནག་ཐང་བཅོས་སྐྱོང་། བྱེ་འགོག་རྩྭ་འདེབས། བྱེ་འགྱུར་ས་ཆ་འགོག་བཅོས། རྩྭ་ཐང་གི་ནགས་ལས་ལ་གནོད་པའི་སྲིན་འབུ་འགོག་སྲུང་དང་ཚོད་འཛིན་བྱེད་པ། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་རབས་དང་རིམ་པ་ལག་བསྟར་བྱས།
གོང་གསལ་གྱི་ལས་གཞི་རྣམས་རིམ་བཞིན་ལག་བསྟར་བྱས་པའི་དུས་མཚུངས་སུ། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བཟོ་སྐྲུན་དང་རྨོ་བསྐྱུར་ནགས་འདེབས་བཟོ་སྐྲུན། གནད་སའི་སྤྱི་ཕན་ནགས་ལས་བཟོ་སྐྲུན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་དང་པོ་དང་གཉིས་པ་སོགས་ནགས་ལས་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས་ཏེ། རྒྱལ་དབང་ནགས་ར་དང་། ཞང་དང་སྡེ་བ། དགོན་སྡེ། ནགས་སྲུང་བ་བཅས་གནས་བཞི་གཞི་གཅིག་ཅན་གྱི་སྲུང་སྐྱོབ་མ་ལག་ཐོག་མར་གྲུབ་པར་མ་ཟད། སློབ་གྲྭ་དང་སྨན་ཁང་། སྡོད་དམངས་ཀྱི་ར་སྐོར། སྤྱི་གླིང་། ནགས་ར་སོགས་ས་གནས་རེ་གཉིས་ཀྱི་ལྗང་མདོག་བྱ་བ་ཡོངས་འགྲུབ་བྱས་ནས། སྤྱི་ཆིངས་བརྒྱ་དང་ཉེར་བརྒྱད་དང་གྲངས་ཆུང་དགུ་ཡི་ས་ཁྱོན་ལ་ལྗང་བསྒྱུར་བྱས། ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་དེ་ཉིས་སྟོང་བཞི་ལོའི་བརྒྱ་ཆའི་གཉིས་དང་གྲངས་ཆུང་བརྒྱད་ནས་ཉིས་སྟོང་བཅུ་བདུན་ལོར་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་ལ་འཕར།
གཞན་ཡང་། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཁུལ་གྱི་གོང་འོག་བར་གསུམ་ཚང་མས་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཡིད་ལ་དམ་པོར་བཟུང་ནས། རྒྱལ་ཁོངས་ལྗང་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་བར་མ་ཟད། རི་སྐྱེས་སྲོག་ཆགས་དང་རི་སྐྱེས་སྐྱེ་དངོས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཀྱང་རིམ་བཞིན་ཇེ་དྲག་ཏུ་བཏང་ནས། ཁུལ་ཡོངས་ཀྱི་ནགས་ཚལ་ལྗང་བསྒྱུར་དང་། རི་སྐྱེས་སྲོག་ཆགས་དང་རི་སྐྱེས་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་།
ཉེ་བའི་ཆར་སྡོང་ཕྲུག་དང་རྩི་ཤིང་སྣ་ཚོགས་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གཅིག་ཁྲི་བདུན་ལྷག་འདེབས་འཛུགས་བྱས་ཏེ། སྤྱི་ཆིང་སྟོང་དྲུག་དང་སུམ་བརྒྱ་དོན་ལྔའི་སར་ནགས་ཚལ་ལྗང་སྒྱུར་བྱས་ནས། རྒྱལ་ཁོངས་ལྗང་སྒྱུར་གྱི་རྣམ་པ་བཟང་བོ་མངོན་འགྱུར་བྱས། དེ་མིན་ད་དུང་སྲང་ལམ་དང་རྒྱ་ལམ་གཡས་གཡོན་གྱི་ལྗང་སྒྱུར་རྣམ་པ་སྔར་ལས་ཇེ་མཐོར་སོང་བ་དེས། ཡུས་ཧྲུའུ་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་བྱེད་ནུས་མི་དམན་པ་བཏོན་ཡོད་ཅིང་། ཡུས་ཧྲུའུ་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དང་ནགས་རའི་གྲོང་ཁྱེར་དུ་འགྱུར་བར་རྨང་གཞི་བརྟན་པོ་བཏིངས་ཡོད། མིག་སྔར། རྒྱལ་ཁབ་བརླན་སའི་སྤྱི་གླིང་གཉིས་ཡོད་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་དང་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གཉིས་ཀྱི་བརླན་ཆ་སྲུང་སྐྱོབ་དང་སླར་གསོའི་ལས་སྒོ་སྤེལ་མུས་སུ་ཡིན་པར་མ་ཟད། ཡུས་ཧྲུའུ་ཁུལ་གྱི་ཤིང་ནགས་ཐོན་ཁུངས་འཛུགས་སྐྲུན་ལས་གཞི་དང་ནགས་ལས་ལ་གནོད་པའི་སྐྱེ་དངོས་འགོག་བཅོས་ཚོད་འཛིན་ལས་གཞི་ཡོངས་འགྲུབ་བྱས་པ་ལས་གཞན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྗེས་དྲན་རྡོ་རིང་མཛེས་ལྗོངས་ས་ཁུལ་གྱི་རིམ་པ་སྔར་ལས་ཇེ་མཐོར་བཏང་མཐར། ཡུས་ཧྲུའུ་ཁུལ་འདི་ཉིད་ཤིང་སྣ་འཛོམས་སའི་རྟེན་གཞི་ཞིག་ཏུ་བསྒྱུར་དང་སྒྱུར་བཞིན་ཡོད།
ཉེ་ལམ། ཡུས་ཧྲུའུ་ཁུལ་གྱིས་ཁྲིམས་འགལ་གྱོད་དོན་ཉིས་བརྒྱ་དང་སོ་བརྒྱད་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱས་ཏེ། ཁྲིམས་འགལ་ཉེས་ཅན་ཉིས་བརྒྱ་དང་དོན་ལྔ་ཐག་གཅོད་ནན་མོ་བྱས་ནས། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བདེ་འཇགས་ལ་སྲུབ་སྐྱོབ་ནུས་ལྡན་བྱས། རི་སྐྱེས་སྲོག་ཆགས་ཀྱི་ཁ་གསབ་གྱོད་དོན་སྟོང་བཞི་དང་སུམ་བརྒྱ་ཉེར་བརྒྱད་བསྒྲུབས་ནས། རི་སྐྱེས་སྲོག་ཆགས་ལ་རྐྱེན་བྱས་ཏེ་མིའི་རྒྱུ་ནོར་ལ་གྱོད་གུད་ཐེབས་པར་ཁ་གསབ་བྱས་པའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་གཉིས་ཁྲི་གསུམ་ལ་སླེབས། ད་མིན་ད་དུང་ཆེད་དོན་ཞིབ་འཇུག་གྲོས་ཚོགས་བསྡུས་ཏེ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པའི་ནག་ཚོང་བྱེད་སྒོར་དག་ཐེར་བཅོས་སྐྱོང་བྱེད་ཀྱིན་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།