མདོ་ལ་རིང་མོའི་འདབས་རོལ་གྱི“གསེར་རི་དངུལ་རི།”
2018.10.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 54

 རང་བྱུང་ནགས་ཚལ་སྟུག་པོར་འཁྲུངས་ཤིང་གཡུ་ཡི་ལོ་མ་སྔོ་ལྗང་ལྗང་། །

རི་སྐྱེས་མེ་ཏོག་ཚོམ་བུར་བཞད་ཅིང་མཛེས་པའི་གང་བུ་ཁྲ་ལམ་ལམ། །

དྭངས་གསལ་ཆུ་བོ་ཀྱ་ཀྱུར་བཞུར་ཞིང་དངུལ་གྱི་རླབས་ཕྲེང་འོད་ཀྲིག་ཀྲིག །

རྟ་ནོར་ལུག་གསུམ་ཡན་པོར་རྒྱུ་ཞིང་ཤ་དར་མདངས་བཟང་སྣུམ་ཤིག་ཤིག །

ས་སྟེང་སྐྱེས་བོའི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་སྣུམ་བྲིས་རི་མོ་ཇི་བཞིན་མངོན་པ་འདི་ནི་མདོ་ལ་རིང་མོའི་འདབས་རོལ་ཏེ“ཤར་ཕྱོགས་ཀྱི་སུའེ་ཙེར”རུ་བསྔགས་པའི་ཆི་ལེན་རྫོང་གི་ཡུལ་གྲུ་རེད།

སྟོན་ཟླ་དགུ་པའི་ཞོགས་པའི་ཉི་ཟེར་ཀློང་ནས་ང་ཚོ་བཅར་འདྲི་ཚན་ཆུང་མི་ཡུལ་གྱི་སྐྱེད་མོས་ཚལ་འདིའི་མཛེས་པའི་རི་ཀླུང་ཐང་གསུམ་འགྲིམས་ཏེ། མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཁྲོད་སྤོབས་པའི་གདེང་རྙེད་ཅིང་མཚར་སྡུག་གི་ལོ་རྒྱུས་བསྐྲུན་ཞིང་། ཡུལ་གྲུ་འདིའི་སྣོད་བཅུད་ཀྱི་བཀོད་པར་བརྩེ་སེམས་ཀྱི་མདུད་པ་གཏན་དུ་ལྷོད་མ་མྱོང་བའི་སྙིང་ཉེ་བའི་སྣང་བརྙན་གྱི་ཚོགས་པ་རེ་རེ་འཚོལ་དུ་ཕྱིན།

ཆི་ལེན་རྫོང་མདའ་བཞིའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མགོ་གཙོ་བུན་ཁྲང་ཐར་ཚང་གི་ཁྱིམ་དུ་སླེབས་དུས། ཡངས་ཤིང་གསལ་བའི་ཁང་པའི་ཡར་སྒྱིད་ཀྱི་རྩིག་ངོས་སུ་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམ་ལྔའི་སྐུ་པར་བཀལ་ཡོད་ལ། དེའི་སྟེང་དུ་དྲི་མེད་ཁ་བཏགས་དཀར་པོས་མཛེས་པར་སྤུད་འདུག ཆ་སྒམ་གྱི་ངོས་ཡོངས་སུ་གཟི་བརྗིད་དཔང་ཡིག་སྣ་ཚོགས་བཤམས་ཏེ་དམར་ལམ་ལམ་བྱེད།

བུན་ཁྲང་ཐར་གྱིས་དེང་གི་འགྱུར་ལྡོག་གླེང་དུས་གདོང་ལ་འཛུམ་གྱིས་ཁེངས་བཞིན“སྲིད་ཇུས་བཟང་བོའི་བཀའ་དྲིན་ནི་གཞལ་ཐབས་བྲལ། ད་ནི་དངོས་གནས་འཚོ་བའི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་རེད”ཟེར། ཡིན་ནའང་ཁོས་འདས་སོང་གི་ལོ་ཟླ་གླེང་དུས་གདོང་གི་འཛུམ་དེ་གློ་བུར་ཡལ་སོང་། ཁོས“སྔོན་ཆད་རང་གི་རྩྭ་སའི་ནང་ནོར་ལུག་འཚོ་བ་དང་། དེའི་ཁར་དབྱར་རྩྭ་དགུན་འབུ་བརྐོས་ནས་འཚོ་བའི་ཁ་གསབ་ཙམ་འཚོལ་བ་ཡིན། དེས་བྱིས་པ་སློབ་གྲྭར་འགྲོ་བ་དང་ཁྱིམ་གྱི་འགྲོ་གྲོན་ཙག་ཙིག་ཡོངས་རྫོགས་འདང་དགོས”ཞེས་སྐད་གདངས་ཁྲོད་སྐྱོ་སྣང་ཞིག་འཁྱིལ་འདུག

2015ལོའི་ཟླ8པར། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་དེ་ཆི་ལེན་རྫོང་དུ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། ཟླ12པར། མདའ་བཞིའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་བདེ་བླག་ངང་མ་རྐང་ལམ་ལུགས་སུ་བཅོས་བསྒྱུར་བྱས་ཏེ་དངོས་སུ་སྤྱོད་མགོ་བརྩམས་ཤིང་། མ་རྐང་ཁྲོད་སྡེ་བའི་ཁྱིམ་ཚང33གྱི་མི131ཞུགས་པ་དང་། རྩྭ་ས་སྤྱི་ཆིང་སྟོང་དྲུག་སུམ་བརྒྱ་དང་ཕྱུགས་ཟོག་སྟོང་ལྔ་ལྔ་བརྒྱ་བཅུ་གཉིས་མཉམ་དུ་བསྡུས་ཏེ་མ་རྐང་སྒོར་ས་ཡ་དགུ་འབུམ་ལྔ་ཁྲི་དགུ་ ལྷག་ལ་སླེབས། དེས་གནད་ཕིགས་དབུལ་སྐྱོར་གྱི་ཁྱིམ་ཚང5ཡི་མི21སྐུལ་ཁྲིད་བྱས། མ་རྐང་དུ་ཞུགས་པའི་སྡེ་མིས་ཐུན་མོང་གི་རྣམ་པས་ཐོན་སྐྱེད་དང་ཚོང་གཉེར་བྱེད་པ་དང་། རྩྭ་ས་ཁག་བགོས་ཤིང་ཕྱུགས་ཟོག་རེས་སྐོར་ཏེ་འཚོ་སྐྱོང་བྱེད་པ་ལག་བསྟར་བྱས། མཉམ་ལས་ཁང་གིས་རྨང་གཞིའི་སྒྲིག་བཀོད་དང་ཕྱུགས་ཟོག་གི་གྲུབ་ཚུལ་ལེགས་སྒྲིག ཚན་རིག་དང་མཐུན་པའི་སྒོ་ནས་འཚོ་སྐྱོང་བྱེད་པ། ཁ་གསབ་རོགས་དངུལ་སྟེར་བ་སོགས་བདག་གཉེར་བྱེད་ཐབས་དུ་མའི་འཆར་གཞི་ཞིབ་མོར་བཀོད་དེ། ངལ་རྩོལ་པ་ལྷག་མ་རྣམས་ལས་ཀ་གཞན་པར་ཞུགས་པའི་གསོ་སྦྱོང་བྱས་ཤིང་། སྡེ་མི་རེ་རེ་རང་རང་གི་འཇོན་ནུས་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པའི་ཁྱབ་ཁོངས་སུ་ལས་བགོ་བྱས་ནས་ཐོན་སྐྱེད་ཚད་གཞི་ཅན་དང་ཕྱུགས་ཁྱུ་རྒྱུད་ལེགས་ཅན། གསོ་སྤེལ་གཞི་ཁྱོན་ཅན་དང་ཚོང་གཉེར་མིང་གྲགས་ཅན་དུ་བཟོ་ཅི་ཐུབ་ཀྱིས་སྔོན་གྱི་སྲོལ་རྒྱུན་གྱི་བདག་གཉེར་རྣམ་པ་ཡོངས་སུ་བསྒྱུར་པས་འབྲོག་པའི་ཡོང་སྒོ་སྣ་མང་ཅན་དུ་བཏང་ཞིང་། བ་ལྡང་ཆུ་བོའི་འགྲམ་ངོགས་ཀྱི་འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་དང་ཐོན་སྐྱེད་དང་འཚོ་བ་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་རྨང་གཞི་བརྟན་པོ་བཏིངས།

བུན་ཁྲང་ཐར་ཚང་གི་རྩྭ་སའི་ནང་། རྩྭ་ལྗང་སྟུག་པོར་སྐྱེས་ཤིང་མེ་ཏོག་ཚོམ་བུར་བཞད་པས་ཉི་འོད་འོག་སྔོ་ཡུག་ཡུག་དང་ཁྲ་ལམ་ལམ་བྱེད་ལ། དེ་ནི་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་ལྗོངས་ཉམས་དགའ་བ་ཞིག་ཏུ་མཐོང་སྟེ། མདུན་ཕྱོགས་ཀྱི་སྤང་ཐང་ཡངས་པོར་ལུག་ཁྱུ་བག་ཡངས་སུ་རྒྱུ་ཞིང་། མཚམས་མཚམས་སུ་འབའ་སྒྲ་གཉོམ་པོ་རླུང་གིས་ཁུར་ཏེ་རྩྭ་ཐང་གི་མཐོངས་སུ་འཕྱོ། བུན་ཁྲང་ཐར་གྱིས་བཤད་རྒྱུར། མདའ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བདེ་བླག་ངང་གཉེར་སྐྱོང་ཐུབ་པ་དེས་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་བར་མ་ཟད། འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་སྔར་བས་ངོས་ཟིན་ཟབ་མོ་ཞིག་སྐྱེས་སུ་བཅུག

ཆི་ལེན་རྫོང་གིས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་སྐབས་བཟང་བོ་དང་བསྟུན་ནས། མཉམ་ལས་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོ་བཏོན་པས། སྐྱེ་ཁམས་འཛུགས་སྐྲུན་ཕྱུགས་ལས་མཉམ་ལས་ཁང་ཚད་ལྡན་ཅན6བཙུགས་པ་དང་། ཆེད་ལས་མཉམ་ལས་ཁང་དྲུག་པོས་འཆར་གཞི་ཡོད་པའི་སྒོ་ནས་ས་ཁོངས་ལྟར་གཞི་ཁྱོན་ཆེན་པོས་ཕྱུགས་ཁྱུ་དང་ཕྱུགས་རྒྱུད་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། ཞིང་ཕྱུགས་ལས་ཀྱི“ས་བོན་བཟོ་འགོད”དང་། རྨང་གཞིའི་ཆ་སྡེབ་སྒྲིག་བཀོད། ནོར་ལུག་ཚོ་གསོ་རྟེན་གཞི་འཛུགས་སྐྲུན། གཟན་རྩྭ་འདེབས་འཛུགས། ཨ་བྲའི་གནོད་པ་འགོག་བཅོས། ཕྱུགས་ནད་སྔོན་འགོག་མ་ལག་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་སྤྱད་དེ། རོང་འབྲོག་པའི་ཐོན་སྐྱེད་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་བདག་གཉེར་རང་བཞིན། ཞབས་ཞུའི་རང་བཞིན་འཛུགས་སྐྲུན་བྱེད་པ་དང་། དེ་མ་ཟད་བྱ་དགའ་སྟེར་བའི་ལམ་ལུགས་ལག་བསྟར་བྱས་པས་རྩྭ་ས་ཞན་འགྱུར་ཚབས་ཆེན་ཡིན་པ་སྐོར་ཞིག་སླར་གསོ་དང་ཕྱུགས་ལས་ཐོན་སྐྱེད་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། འབྲོག་པའི་ཡོང་སྒོ་ཐད་ནས་ཀྱང་སྣ་མང་ཅན་དང་ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་བྱུང་།

ཆི་ལེན་ནི་ཆུ་བོ་གསུམ་གྱི་མགོ་ཁུངས་སུ་ཆགས་པས། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་དེ། འདི་ནི་མི་ཡུལ་གྱི་ཆེས་མཛེས་པའི་སྐྱེད་མོའི་ཚལ་ཞིག་སྟེ། རི་ཆུ་ནགས་གསུམ་གྱིས་མཐའ་ནས་བསྐོར་ཞིང་། སྤང་ལ་རྩྭ་རྩི་རྒྱས་ཤིང་ཕྱུགས་ལ་ཤ་ཤེད་དར་བས། འབྲོག་པ་མང་ཚོགས་ཀྱི་གདོང་དུ་འབྲས་བཟང་ལོ་ལེགས་སྨིན་པའི་དགའ་ཚོར་འཛུམ་དུ་འཁྱིལ་འདུག དྭངས་གསལ་གྱི་ཆུ་བོ་དང་སྔོ་ལྗང་གི་རི་བོ་ནི་གསེར་རི་དངུལ་རི་ཡིན་ཞེས་པ་ལྟར། ཆི་ལེན་རྫོང་ནི་གསེར་རི་དངུལ་རི་ཡིན་ཞེས་བཤད་ཆོག་ཆོག་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།