༢༠༡༧ལོའི་ཟླ༧པའི་ཚེས༧ཉིན། ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་མིང་ཐོར་ཚུད་པ་དང་ཆབས་ཅིག གཙང་གསུམ་འབྱུང་ཡུལ་དང་ཨ་ཆེན་གངས་རྒྱབ་ཀྱི་བར་རི་དྭགས་གཙོད་གནས་སྤོ་བའི་ལམ་ཐིག་ཆ་ཚང་ཡོད་པ་མ་ཟད། གནས་སྤོ་ལ་འགལ་རྐྱེན་མི་འབྱུང་བའི་གནས་བཟང་བོ་ཞིག་ཡིན་ཞེས་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་ལག་རྩལ་གྱི་དཔྱད་བསྡུར་སྙན་ཞུར་གདེང་འཇོག་དེ་འདྲ་གནང་ཡོད་པ་རེད།
༢༠༡༥ལོའི་ཟླ༡༢པར་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་བ་བསྡུས་པའི་ཐོག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་པའི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་ཨ་ཆེན་གངས་རྒྱབ་འདུས་པའི་གཙང་གསུམ་འབྱུང་ཡུལ་གྱི་ས་ཁུལ་དེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཚོད་ལྟ་བྱེད་སའི་མངའ་ཁོངས་སུ་གྱུར།
ལོ་ངོ་གཉིས་རིང་གི་ཚོད་ལྟའི་ཁྲོད། འོས་འགན་གྱི་ལས་གཞི་གཙོ་བོ ༣༡ གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ཐོག་མའི་ཚོད་ལྟའི་བྱ་བར་འབྲས་བུ་མི་དམན་པ་བླངས། ལོ་མང་པོར་མཐོང་ལམ་དུ་ཡལ་བའི་ཆུ་སྲམ་དང་། གཡི། གསའ་ལ་སོགས་པའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་ད་ལྟ་མི་རྣམས་ཀྱི་མིག་ལམ་དུ་ཕར་ལྡིང་ཚུར་ལྡིང་ངང་རྒྱུ་འོང་བ་མ་ཟད། མཐའ་འཁོར་གྱི་རྩྭ་ཆུ་ཡང་རྒྱུན་མི་ཆད་པར་ཇེ་རྒྱས་ཇེ་ལེགས་སུ་ཕྱིན།
རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་ནུས་མ་ལག་འཛུགས་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་། རང་བྱུང་གི་མཛེས་ལྗོངས་ལ་གཟབ་ནན་གྱི་སྲུང་སྐྱོབ་བྱས་ནས་༢༠༢༠ལོའི་སྔ་གཞུག་ཏུ་གཙང་གསུམ་འབྱུང་ཡུལ་འདི་རྒྱལ་ཁབ་སྤྱི་གླིང་དུ་འགྲུབ་པའི་དམིགས་འབེན་དོན་འཁྱོལ་ཡོང་བ་བྱས་ནས། རང་རྒྱལ་གྱི་ལྗང་མདོག་དཔལ་ཡོན་གྱི་དཔེ་དབྱིབས་བསྐྲུན་པར་བརྩོན་ལེན་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧི་ཧའེ་ཡན་གྱིས་བཤད་རྒྱུར། རྨ་སྟོད་ནི་མཚོ་སྔོན་ཞིང་ཆེན་གྱི་ས་བབ་ཆེས་མཐོ་བའི་རྫོང་ཞིག་ཡིན་ཞིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི༤༥༠༠ཡན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་གྲངས་ཆེས་ཉུང་བའི་རྫོང་ཞིག་ཀྱང་ཡིན། དུས་རབས་སྔོན་མའི་ལོ་རབས༨༠བའི་དུས་མགོར། རྨ་སྟོད་རྫོང་ནི་རྩྭ་ཆུ་འཛོམས་ཤིང་ནོར་ལུག་སྐར་ཚོགས་བཞིན་བཀྲ་བའི་ཕྱུགས་ལས་འཕེལ་ཁ་ཧ་ཅང་དར་བའི་དུས་ཡིན་པས། རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཆ་སྙོམས་ཡོང་འབབ་རྐྱང་བ་དེ་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་ཚུད་ཡོད་ལ། དེ་མིན་ད་རུང་རྫོང་འདི་ལ་མཚེའུ་ཆེ་ཆུང་༤༠༧༧ཡོད་ཟེར།
དཔྱད་གཞིའི་ཡིག་རིགས་ལྟར་ན། དུས་རབས་སྔོན་མའི་དུས་མཇུག་ཏུ། རྨ་སྟོད་རྫོང་གི་རྩྭ་སའི་རྒྱ་ཆའི ༧༠ ཉམས་ཞན་དུ་གྱུར་ཞིང་། ལོ་རེར་བརྒྱ་ཆའི༢.༦གི་མྱུར་ཚད་གྱིས་བྱེ་མར་འགྱུར་ནས་རིམ་བཞིན་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ཞན་འགྱུར་ཚབས་ཆེ་བའི་ས་ཁུལ་གྲས་སུ་ཚུད། བྱེ་སྒང་དང་བྱེ་གཞུང་གི་རྒྱ་ཁྱོན་ཁོ་ན་མུའུ་ཁྲི ༨༠.༥༧ ཟིན་ནས་འབྲོག་པའི་ཡོང་འབབ་ཇེ་ཉུང་དུ་སོང་བ་མ་ཟད། ཡང་བསྐྱར་ལོ་ངོ༢༠ཡར་སྔོན་གྱི་འཚོ་བ་ཞན་པའི་གནས་སུ་གྱུར། རང་བྱུང་ཁམས་ཀྱི་ཆོས་ཉིད་སྣང་མེད་དུ་བཏང་བའི་བྱ་སྤྱོད་གཞན་ཞིག་ནི་གསེར་གང་བྱུང་དུ་སྔོག་འདོན་བྱས་པ་ལས་བྱུང་བ་དེ་རེད། དུས་རབས་སྔོན་མའི་ལོ་རབས༨༠བར་གསེར་བརྐོ་མཁན་ཁྲི་གསུམ་བཞི་ཙམ་རྨ་སྟོད་རྫོང་དུ་ཡོང་ནས་རྩྭ་ས་མུའུ་༡༦༠༠བཟུང་ཞིང་། རྩྭ་ས་མུའུ་ཁྲི༥༠་ལ་གཏོར་བརླག་བཟོས།
རྨ་སྟོད་རྫོང་གི་གནམ་གཤིས་བརྟག་དཔྱད་རྒྱུ་ཆ་ལས་མངོན་པ་ལྟར་ན། ལོ་ངོ༣༠ཡར་སྔོན་ལ། གནས་འདིར་ཆར་ཆུ་དུས་སུ་འབབ་མོད། འོན་ཀྱང་རྩྭ་ས་མང་ཤོས་ཉམས་ཞན་དང་ནམ་ཟླ་སྐམ་ཤས་ཆེ་བ་སོགས་རྨ་ཆུའི་མགོ་ཁུངས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་དེ་ཡར་སྔོན་གྱི་ཧའོ་སྨིས་༣༢༦.༣ནས་༢༠༠༣ལོའི་ཧའོ་སྨིས༢༤.༡མར་ཆག་པ་དང་། རྫོང་ཡོངས་ཀྱི་མཚེའུ་གྲངས་ཀ་དེ་༢༠༠༤ལོ་ནས་བཟུང་ཇེ་ཉུང་དུ་སོང་ནས་༡༨༠༠ལ་གྱུར།
སྐབས་དེར་ཚང་མར་རྫོང་མཁར་གྱི་དོང་ཆུ་ལས་ཆུ་ལེན་རྒྱུ་མེད་པ་དེ་རེད། ཆུའི་མགོ་ཁུངས་སུ་ཆུ་འཐུང་མི་ཐུབ་པར་མ་ཟད། ཐ་ན་ལེ་དབར་འགའི་ཕར་རྒྱབ་ཀྱི་གཙང་བོ་ནས་འཁྱགས་དར་ཁྱིམ་དུ་འཁུར་ནས་ཞུ་རུ་བཅུག་རྗེས་ད་གཟོད་ཆུ་འཐུང་རྒྱུ་ཡོད་ཅེས་མཚོ་སྐྱ་རེངས་ཞང་གྲོ་རེངས་སྡེ་བའི་སྡེ་མི་དཔལ་ལྡན་གྱིས་དེ་ལྟར་བཤད་བྱུང་།
ཆུའི་མགོ་ཁུངས་སུ་ཆུ་འཐུང་རྒྱུ་མེད་ན་དཀྱིལ་དབུས་དང་སྨད་རྒྱུད་དུ་ཆགས་པའི་མི་རྣམས་ཀྱིས་ཅི་ལྟར་བྱེད་པ་དང་། ཆུ་མཛོད་སླར་གསོ་བྱས་ནས་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་ཅི་ལྟར་བྱེད་པ་སོགས་གནད་དོན་མང་པོ་ཞིག་མི་རྣམས་ཀྱི་མདུན་དུ་ལྷགས་བྱུང་།
དགུན་གཞུང་ཞིག་ལ། རྨ་སྟོད་རྫོང་གི་རྨ་ཆུའི་མགོ་ཁུངས་སུ་ཡོད་པའི་མཚོ་སྔོ་རེངས་སུ་ཁྲུང་ཁྲུང་མགོ་ཁྲ་མང་པོ་ཞིག་བབས་ནས་དགའ་དགུའི་ཆུ་རྩེད་ལ་རོལ་བྱུང་། ལོ་ངོ་བཅུ་ལྷག་གི་འབད་པ་ལྷོད་མེད་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་ཉམས་ཞན་དུ་འགྱུར་བར་ཚོད་འཛིན་ཐེབ་ཡོད། ༢༠༠༣ལོར་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་དང་། ༢༠༠༥ལོ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར༧༥བཏང་སྟེ་གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས་ནས་ཆུ་མགོའི་ཁོར་ཡུག་ལ་སྐབས་བསྟུན་གྱིས་སྲུང་སྐྱོབ་བྱས་པ་དང་ཆབས་ཅིག་ཏུ། མཚོ་སྔོན་གྱིས་མགོ་ལོག་དང་ཡུལ་ཤུལ་སོགས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དཔལ་འབྱོར་ཡོང་འབབ་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ལ་དཔྱད་ཞིབ་མི་བྱེད་རྒྱུ་ཐག་བཅད་པ་དང་། རྨ་སྟོད་འདུས་པའི་ཁུལ་༤ཡི་རྫོང་དང་གྲོང་ཁྱེར༡༧ལ་བྱེ་འགོག་བྱེ་བཅོས་དང་། ཕྱུགས་སྐྱུར་རྩྭ་འདེབས། ཡུལ་མི་གནས་སྤོ། ཨ་བྲ་གསོད་པའི་ལས་གཞི་སོགས་རྣམ་གྲངས་མང་པོ་ཞིག་ཁྱོན་ཡོངས་ནས་ལག་བསྟར་བྱས།
ས་རྒྱ་འདི་འདྲའི་ཡངས་ཤིང་། སྣོད་བཅུད་མ་ལག་འདི་འདྲའི་ཉམས་ཞན་ལ་རྙོག་འཛིང་ཆེ་ས་ནས་མི་ལ་བརྟེན་ནས་སྣོད་བཅུད་བཅོས་སྐྱོང་བྱས་པ་ནི་རང་རྒྱལ་གྱི་ལོ་རྒྱུས་སྟེང་ཐོག་དང་པོ་ཡིན་ཞེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ཅུས་ཀྲང་ལིས་ཞའོ་ནན་གྱིས་དེ་ལྟར་བཤད་བྱུང་། ༢༠༠༥ལོར་ཁོ་རང་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྣོད་བཅུད་སྲུང་སྐྱོབ་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་ཆེད་དོན་ཀྲུའུ་རིན་གཞོན་པའི་འགན་བཞེས་ནས་དུས་སྐབས་དང་པོའི་ལས་གཞི་སྤྱིའི་བྱ་བའི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས།
དང་ཐོག་གཙང་གསུམ་འབྱུང་ཡུལ་བཅོས་སྐྱོང་བྱེད་པར་ཕྱོགས་གསུམ་གྱི་དཀའ་ཁག་དང་འཕྲད། གཅིག་ནི་ས་རྒྱ་ཆེ་བ། དུས་སྐབས་དང་པོའི་ལས་གཞི་ལག་བསྟར་གྱི་ཁྱབ་ཁོངས་དེ་ཁུལ་བཞིའི་རྫོང་དང་གྲོང་ཁྱེར༡༧ཡིན། སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི༡༥.༢༣ཡོད་པས་འཛམ་གླིང་ཐོག་བཅོས་སྐྱོང་གི་གཞི་ཁྱོན་ཆེས་ཆེ་བ་དེ་རེད། གཉིས་ནི་བཅོས་སྐྱོང་གི་རྣམ་གྲངས་མང་བ། ཕྱུགས་སྐྱུར་རྩྭ་འདེབས་དང་ས་ཆུ་སྲུང་འཛིན་ལ་སོགས་པའི་ལས་གཞི༢༢དང་རྣམ་གྲངས༡༠༤༡ཡོད། གསུམ་ནི་སྡེ་ཁག་མང་པོར་འབྲེལ་ཡོད་པ། རྣམ་གྲངས་དེ་དག་ཞིང་ཆེན་བཅོས་སྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་། ཞིང་ཕྱུགས། ནགས་ལས། ནོར་སྲིད་སོགས་ཐིན་དང་ཅུས་མང་པོར་འབྲེལ་ཡོད།
དུས་སྐབས་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ༡༠རིང་ལ། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི༣༠ཇེ་མཐོར་སོང་བ་དང་། ས་རྒྱུ་སྲུང་འཛིན་བྱས་ཚད་བརྒྱ་ཆའི་༣༢.༥ཟིན་ཡོད། ས་ནག་མུའུ་ཁྲི་ལྷག་བཅོས་སྐྱོང་བྱས་ཚད་བརྒྱ་ཆའི༢༠ནས་བརྒྱ་ཆའི༨༠ཡན་ལ་འཕར་བ་དང་། ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༨༠འཕར་སྣོན་བྱུང་ནས་མཚེའུ་སྟོང་གི་རྣམ་པ་ཡང་བསྐྱར་སླར་གསོ་བྱུང་ཡོད། གཞན་འབྲོག་པ་མང་ཚོགས་ཀྱི་ཕྱུགས་སྐྱུར་ཐོན་ལས་གསར་གཏོད་ལ་ཞུགས་མཁན་ཁྲི༡༠ལ་སླེབས་ནས་འབྲོག་པ་མང་ཚོགས་ཀྱི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་བ་དེ་ལོ་རེའི་ཆ་སྙོམས་ཀྱི་བརྒྱ་ཆའི་༡༢.༤ཇེ་མཐོར་སོང་ཡོད་པ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།