ཆི་ལེན་རྫོང་གིས་ཕྱུགས་འཚོའི་ལམ་ལུགས་བཅོས་སྒྱུར་བྱས་ནས་རྩྭ་སའི་སྐྱེ་ཁམས་སླར་གསོ་བྱེད་པར་གྲུབ་འབྲས་རགས་ཙམ་ཐོབ།
2018.10.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཆི་ལེན་རྫོང་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་། རྨ་ཆུའི་བཞུར་རྒྱུན་གྱི་ཆུའི་འབྱུང་ཁུངས་གལ་ཆེན། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྐྱོད་ཁུལ་བཅས་ཡིན་ལ། རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཁྲོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དཀྱིལ་སྙིང་ས་ཁུལ་གྲས་ཀྱི་གཅིག་ཀྱང་ཡིན་པས། སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེ། 2017ལོར་མདོ་ལ་རི་བོ་རྒྱལ་ཡོངས་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟའི་བཟོ་སྐྲུན་གྲས་སུ་བཀོད་པར་མ་ཟད། རྒྱལ་ཁབ་ཀྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟ་དངོས་སུ་སྤེལ་མགོ་བརྩམས། རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་འབྲེལ་བའི་རྒྱང་རིང་གི་ཇུས་ཆེན་དང་སྐྱེ་ཁམས་ཀྱིས་ས་ཁོངས་ལ་ཤུགས་རྐྱེན་བཟོ་བའི་འགན་འཁྲི་ཆེན་པོར་བརྩིས་ནས། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལག་བསྟར་དང་། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱས་ཤིང་། བྱ་སྤྱོད་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་པས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་བྱ་བ་མཐོར་འདེགས་གསར་བ་བྱུང་།

ཉེ་བའི་ལོ་འདི་འགར། ཆི་ལེན་རྫོང་གིས་སྐྱེ་ཁམས་འདུ་ཤེས་དང་སྐྱེ་ཁམས་འཆར་འགོད། སྐྱེ་ཁམས་སྲུང་སྐྱོབ། སྐྱེ་ཁམས་དོ་དམ། སྐྱེ་ཁམས་སླར་གསོ། སྐྱེ་ཁམས་ཁ་གསབ། སྐྱེ་ཁམས་བེད་སྤྱོད་བཅས་བྱེད་པ་ནས་མགོ་བརྩམས་ཏེ། ནུས་ཡོད་བྱེད་ཐབས་དང་ཇུས་གཞི་ལག་བསྟར་བྱས་པ་དང་།  རྒྱལ་ཁབ་ཀྱི་ལས་གཞི་འཛུགས་སྐྲུན་དམ་འཛིན་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་གསོ་སྤེལ་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན། ནགས་ཚལ་གྱི་ལྟག་ཆུ་བསྐྱིལ་གསོག་དང་ནམ་ཟླའི་བྱེད་ནུས་སྙོམས་སྒྲིག་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་མ་ལག་གི་ནུས་པ་ལེགས་བཅོས་བྱེད་པ། རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་མང་པོ་འདོན་སྤེལ་བྱས།

སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་པའི་ཁྲོད། ཆི་ལེན་རྫོང་གིས་ཕྱོགས་གཅིག་ནས་ཞིང་ཕྱུགས་ཐོན་ལས་ཀྱི་རིམ་གྲས་སྤར་བ་རྒྱུན་འཁྱོངས་དང་། ཕྱོགས་གཅིག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ཕྱུགས་འཚོའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ཞིང་། སོས་ཀ་ཕྱུགས་བཀག་ནས་གསོ་བ་དང་དབྱར་ས་ནས་ཕྱུགས་དེད་ནས་འཚོ་བ། སྟོན་ས་ནས་ཕྱུགས་རེས་མོས་ཀྱིས་འཚོ་བ། དགུན་ས་ནས་རི་རྒྱག་བྱས་ནས་འཚོ་བ་བཅས་ཀྱི་དཔེ་དབྱིབས་གྲུབ་པ་དང་། དབྱར་ཀར་ཕྱུགས་ཟོག་རི་མགོར་དེད་ནས་འཚོ་བ་དང་དགུན་ཁར་ཕྱུགས་སྤྱིལ་དུ་གཟན་ཆས་ཀྱིས་གསོ་བའི་འཚོ་སྟངས་གཉིས་ཀྱི་སྟེང་ཐོད་བརྒལ་གསར་བ་མངོན་འགྱུར་བྱས།

ཧུར་ཐག་གིས་རྩྭའི་ཐོན་ལས་གྱི་ནང་གནས་ཆ་རྐྱེན་གསར་སྐྲུན་བྱས། ནམ་ཟླའི་ཁྱད་ཆོས་དང་རྩྭ་སྐྱེ་ཚད་ཀྱི་ཆོས་ཉིད་ལྟར། མ་དངུལ་སྒོར་ས་ཡ་ལྔ་བཏང་ཏེ་ཞང་གྲོང་བདུན་གྱི་ཕྱུགས་ལས་མ་རྐང་ལམ་ལུགས་ཆེད་ལས་མཉམ་ལས་ཁང་དགུ་དང་། ཁྱིམ་ཚང་ཕྱུགས་ར་གསུམ་གྱི་སྟོན་སའི་རྩྭ་ས་མུའུ་འབུམ་བཞི་ལྷག་གི་སྟེང་དུ་ཕྱུགས་འཚོ་མཚམས་བཞག་པ་དང་།  ཕྱུགས་ཟོག་ལུག་ལྟར་བརྩིས་ན་ཁྲི་གཉིས་ལྷག་གནས་གཞན་དུ་སྤར། ཚོད་ལྟ་བྱས་པ་བརྒྱུད། ཕྱུགས་འཚོ་མཚམས་བཞག་པའི་རྩྭ་ས་དེ་ཕྱུགས་འཚོ་མཚམས་མ་བཞག་པའི་རྩྭ་ས་དང་བསྡུར་ན་རྩྭའི་ཐོན་ཚད་དེ་མུའུ་རེར་བརྒྱ་ཆའི་ཞེ་བདུན་ཇེ་མཐོར་སོང་བ་དང་། སྔོ་ཁེབས་ཀྱི་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་དགུ་ཅུ་ལྷག་ཏུ་ཇེ་མཐོར་སོང་། ཕྱུགས་འཚོ་མཚམས་བཞག་པའི་རྩྭ་སའི་རྩྭ་ཡི་ཐོན་ཚད་ཆ་སྙོམས་ཀྱིས་མུའུ་རེར་སྟོང་ཁེ་བཞི་བརྒྱ་ཉེར་གཅིག་ལྷག་ཏུ་བསླེབས། དབྱར་ས་ནས་ཕྱུགས་དེད་ནས་འཚོ་བ་དང་སྟོན་ས་ནས་ཕྱུགས་རེས་མོས་ཀྱིས་ཕྱུགས་འཚོ་བ། དགུན་ས་ནས་རི་རྒྱག་བྱས་ནས་འཚོ་བ་བཅས་རྩྭ་ཕྱུགས་གཉིས་ཀྱི་གནོན་ཤུགས་ཇེ་ཡངས་སུ་གཏོང་ཆེད། སོས་ཀ་ཕྱུགས་བཀག་ནས་གསོ་བ་ཚོད་ལྟ་ཁྱབ་སྤེལ་བྱས་པའི་རྨང་གཞིའི་སྟེང་། ཤུགས་ཆེན་པོས་ཕྱི་སྐྱེད་རྣམ་པའི་རྩྭའི་ཐོན་ལས་གོང་དུ་སྤེལ་ཏེ། མིན་ཡོན་སོགས་མཐའ་འཁོར་ས་ཁུལ་དུ་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་གཅིག་སྟོང་བདུན་བཞི་བརྒྱ་བཙུགས་ནས། གཟན་རྩྭ་ཏུན་འབུམ་གཅིག་ཁྲི་གཉིས་སྟོང་དགུ་ཐོན་སྐྱེད་བྱས་བ་དང་། མིན་ཡོན་རྫོང་དང་གཟན་རྩྭ་ཏུན་སྟོང་ལྔ་ལྷག་གི་མངག་ཐོའི་གན་རྒྱ་བཞག་ནས། ནུས་ཡོད་སྒོས་ཆི་ལེན་རྫོང་གི་གཟན་རྩྭའི་རྟེན་གཞིའི་ཞན་ཆ་ཁ་གསབ་བྱས་ཤིང་། རྩྭ་ས་ལྟར་ཕྱུགས་གྲངས་གཏན་འཁེལ་དང་རྩྭ་ཕྱུགས་མཉམ་འབྲེལ་དོ་མཉམ་ཡོང་བ་མངོན་འགྱུར་བྱས་པར་མ་ཟད། ཕྱུགས་འཚོ་མཚམས་བཞག་ཅིང་གསོ་མཚམས་མི་འཇོག་པ་དང་། རྩྭ་འདེབས་ཚད་འཕར་ཀྱང་འབྲེག་མཚམས་ཇེ་ཉུང་དུ་མི་གཏོང་བའི་དམིགས་ཡུལ་དུ་བསླེབས་པར་བྱས། དེ་དང་ཆབས་ཅིག ཧུར་ཐག་གིས་རྩྭ་ས་བཅོས་སྐྱོང་གི་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ། མུ་རུ་གྲོང་རྡལ་གྱི་ཁེར་རྩ་དང་འབྲོང་ལུང་ཞང་ས་ནག་ཐང་གི་ཞན་འགྱུར་རྩྭ་ས་དང་ས་ནག་ཐང་། བྱེ་མ་ཅན་གྱི་རྩྭ་ས་བཅོས་སྐྱོང་གི་དཔེ་དབྱིབས་མུ་འབྲེལ་སྒོས་ཁྱབ་སྤེལ་བྱས་པ་དང་། སྤུས་ལེགས་གཟན་རྩྭའི་རྟེན་གཞི་མུའུ་འབུམ་གཅིག་ཁྲི་བདུན་སྟོང་ལྔ་གསར་དུ་འཕར་སྣོན་བྱུང་ཞིང་། ས་ནག་ཐང་གི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་བརྒྱད་ཅུའི་ཡན་དུ་ཇེ་མཐོར་སོང་། ཕྱུགས་རྩྭའི་ཆ་སྙོམས་མཐོ་ཚད་དེ་ལི་སྨིས་ལྔ་བཅུའི་ཡན་དུ་བསླེབས་ཏེ། ཆ་སྙོམས་མུའུ་རེའི་རྩྭའི་ཐོན་ཚད་དེ་བཅོས་སྐྱོང་མ་བྱས་སྔོན་གྱི་སྤྱི་རྒྱ་ལྔ་བཅུ་ཡས་མས་ནས་སྤྱི་རྒྱ་སུམ་བརྒྱ་ལྔ་བཅུའི་ཡན་དུ་ཇེ་མཐོར་སོང་ནས།  ནུས་ཡོད་སྒོས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་།

གཞན་ད་རུང་ཆི་ལེན་རྫོང་གིས་རྒྱལ་ཁབ་ཀྱི་རྨོ་བསྐྱུར་ནགས་འདེབས་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ཕྱུགས་འཚོ་སྟངས་ལེགས་བསྒྱུར་བྱེད་པ་ནས་མགོ་བརྩམས་ཏེ། རྩྭ་ས་སྲུང་སྐྱོབ་དང་རྩྭ་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བསྐྲུན་དང་། ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་སླར་གསོ་བྱེད་ཚད་ཇེ་མཐོར་བཏང་ཞིང་། ཁྱོན་ཡོངས་ནས་ཆུ་བོ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱས་ཏེ། ལྟག་ཆུ་བསྐྱིལ་གསོག་གི་ནུས་པ་ཇེ་དྲག་ཏུ་བཏང་། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་ལྗང་བསྒྱུར་གཞི་ཁྱོན་སྤྱི་ཆིང་ཁྲི་དྲུག་ལྷག་ཏུ་བསླེབས་པ་དང་། མཁར་གྲོང་ལྗང་བསྒྱུར་གྱི་ཁེབས་ཚད་བརྒྱ་ཆའི་སོ་དགུ་ལྷག་ཏུ་བསླེབས་ཏེ། ནུས་ཡོད་སྒོས་ཆི་ལེན་རྫོང་ཞིང་ཆེན་ཡོངས་དང་ཁྱད་པར་དུ་རྒྱལ་ཡོངས་ཀྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྐྱེ་ཁམས་སྲུང་ཡོལ་ཡིན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས།

2011ལོ་ནས་མགོ་བརྩམས་ཏེ།   ཆི་ལེན་རྫོང་གིས་སྤྱི་ཆིང་འབུམ་གསུམ་ཁྲི་བཞི་ལྷག་ཡོད་པའི་རྩྭ་སའི་སྟེང་སྔ་གཞུག་ཏུ་སྐོར་ཐེངས་གཉིས་ལ་ཕྱུགས་འཚོ་མཚམས་འཇོག་པའི་བྱ་བ་སྤེལ་བ་དང་། ཕྱུགས་འཚོ་མཚམས་བཞག་པའི་རྩྭ་སའི་གཞི་ཁྱོན་གྱིས་རྫོང་ཡོངས་ཀྱི་བེད་སྤྱོད་ཆོག་པའི་རྩྭ་སའི་སྤྱིའི་གཞི་ཁྱོན་གྱི་གསུམ་ཆའི་གཅིག་ཙམ་ཟིན་ཡོད། ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་སླར་གསོ་དང་ཕྱུགས་གྲངས་ཇེ་ཉུང་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། རྩྭ་སའི་སྐྱེ་ཁམས་ཉམས་ཞན་ཏུ་འགྱུར་ཚད་རིམ་བཞིན་ཚོད་འཛིན་ཐེབས། སྐོར་ཐེངས་དང་པོའི་ཕྱུགས་འཚོ་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ནས་ལོ་ལྔ་འགོར་རྗེས། རྫོང་ཡོངས་ཀྱི་ཆ་སྙོམས་རྩྭའི་ཐོན་ཚད་དེ་མུའུ་རེར་སྟོང་ཁེ་བརྒྱད་ཅུ་ལྷག་ཇེ་མཐོར་སོང་ཞིང་། སྔོ་ཁེབས་ཀྱི་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་དང་།  རྩྭ་སྐྱེས་ཚད་ཆ་སྙོམས་ཀྱིས་ལི་སྨིས་གཅིག་དང་གྲངས་ཆུང་དྲུག་ཇེ་མཐོར་སོང་། ཆི་ལེན་གྱི་གནམ་གཤིས་འགྱུར་ལྡོག་དང་ཕྱུགས་རྩྭ་སྐྱེ་ཚད་ཀྱི་ཆོས་ཉིད་ལྟར། ཕྱུགས་འཚོའི་ལམ་ལུགས་གསར་བ་ལག་བསྟར་བྱས་རྗེས།   རྩྭ་ས་སྲུང་སྐྱོབ་དང་རྩྭ་ལས་འཕེལ་རྒྱས་ཐད་ལ་ཕན་འབྲས་བཟང་པོ་ཐོབ།།

ལོ་ཙཱ་བ། སྒྲོལ་མ་སྐྱིད།